མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས།
2020.05.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་འཛུགས་པའི་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱས་པ་ལས་གཞན།དམངས་དོན་ཁྲིམས་གཞུང་འཆར་ཟིན་ལ་མུ་མཐུད་དུ་གྲོས་ཞིབ་བྱས། འཐུས་མི་ཝང་ཅན་ཅུན་དང་ལིའུ་ཉིང་། ཐིན་ཅཱ་ཚའེ། ཀྲང་ཀོང་རུང་སོགས་ཀྱིས་གཏམ་བཤད།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ཞང་ཀང་གི་སྲོལ་ཡིག་བཟོ་བཅོས་དོན་རྐྱེན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བས། དེས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་སྲོལ་ལ་འཁྲུག་རྐྱེན་བསླངས་པ་དང་གཏོར་བཤིག་བཏང་བར་མ་ཟད། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལ་གནོད་པ་བཟོ་རྩིས་བྱས་པས། “ཆོད་དོན་ཀྱི་ཁར་ཁྲིམས་འཛུགས་སྣོན་པའི་”བྱེད་ཐབས་སྤྱད་དེ།རྒྱལ་ཁབ་ཡུན་སྐྱོང་བདེ་འགོད་དང་ཞང་ཀང་ཡུན་རིང་དར་རྒྱས་བརྟན་འཇགས་ཡོང་བར་འགན་ལེན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་སྲོལ་བརྟན་པོའི་ངང་ནས་ཡུན་རིང་གནས་ཐུབ་པར་འགན་ལེན་བཅས་བྱས་ཏེ། བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་དང་ཞང་ཀང་ལ་ཕན་ཐོགས་ཡོད་པ། རྒྱལ་ཁབ་ལ་ཕན་ཐོགས་ཡོད་པ། དམངས་ཀྱི་འགན་འཁྲི་ཡོད་པ་བཅས་བྱེད་དགོས། དེ་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པར་བྱས་ཡོད་ཅིང་། ཞང་ཀང་གི་སྤུན་ཟླ་དང་བཅས་པའི་ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞི་ཡི་ཐུན་མོང་གི་འདོད་བློ་མཚོན་ཡོད་པས།ངས་རྦད་དེ་མོས་མཐུན་དང་བརྩི་བཀུར་ཞུ་རྒྱུ་ཡིན། ཆབ་སྲིད་ཀྱི་བདེ་འཇགས་ནི་རྒྱལ་ཁབ་དང་ས་ཁུལ་གྱི་ཆེས་ཆེ་བའི་བདེ་འཇགས་ཡིན་པ་དང་། སྤྱི་ཚོགས་བརྟན་འཇགས་དང་མི་དམངས་ཀྱི་བདེ་སྐྱིད་ནི་ཆེས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་ཡིན། དེང་སྐབས་ནས་གཞི་ཚུགས་པར་བྱས་ཏེ། ཆབ་སྲིད་ཀྱི་བྱེད་ཐབས་སྤྱད་ནས་ཆབ་སྲིད་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། བཅའ་ཁྲིམས་ཀྱི་བྱེད་ཐབས་སྤྱད་དེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཐའ་ཚད་རྩ་དོན་དང་རྒྱལ་ཁབ་ཁ་ཕྲལ་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་དགོས། མ་འོངས་པར་དམིགས་ནས་ཞང་ཀང་གི་གཞོན་ནུའི་མི་རབས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁོང་ཚོས་མེས་རྒྱལ་ལ་མོས་གུས་བྱེད་སེམས་དང་མེས་རྒྱལ་གྱི་ཁོངས་སུ་གཏོགས་པའི་བསམ་པ་ཆེ་རུ་བསྐྱེད་དགོས། “ལུགས”དཀྱིལ་སྙིང་དུ་བཟུང་ནས་“སྐྱོང”གི་བྱེད་ཐབས་གསར་གཏོད་བྱེད་དགོས། ཞང་ཀང་གི་མིག་སྔའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ། འཐབ་རྩོད་ཀྱི་ལག་ལེན་ལ་བརྟེན་ནས་ཀྲུང་གོའི་སྲིད་སྐྱོང་གི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས། ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་སྣང་བརྙན་བཅས་མངོན་པར་བྱས་ཏེ། ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཡུལ་ཁམས་གསར་པ་ཟམ་མི་ཆད་པར་ཆེ་རུ་གཏོད་དགོས་ཟེར།

ལིའུ་ཉིང་གིས་བཤད་རྒྱུར།རྒྱལ་ཁབ་ཀྱི་རིམ་ངོས་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་འཛུགས་པ་དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས།རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགྱུར་མེད་ཀྱི་བློ་སྟོབས་དང་ཆོད་སེམས་གང་ལེགས་མཚོན་ཡོད་པ་དང་། ཞང་ཀང་གི་ཁེ་ཕན་ཧྲིལ་པོ་དང་ཞང་ཀང་སྤུན་ཟླའི་རྩ་བའི་བདེ་རྩར་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་དང་གཅེས་སྐྱོང་ཆེ་ཤོས་གང་ལེགས་ཀྱིས་མཚོན་ཡོད། དེ་རྩ་ཁྲིམས་དང་ཞང་ཀང་གི་གཞི་རྩའི་བཅའ་ཁྲིམས་དང་ཡོངས་སུ་མཐུན་པར་མ་ཟད།སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་མཐུན་ཞིང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་དང་མཐུན་པ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་འགྱུར་བའི་བླང་བྱ་དང་མཐུན་ལ། རྒྱལ་ཁབ་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པས། རྦད་དེ་མོས་མཐུན་དང་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། རྒྱལ་ཁབ་ཀྱི་བདེ་འཇགས་ནི་རྒྱལ་ཁབ་འཚོ་གནས་དང་འཕེལ་རྒྱས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་དང་རྨང་རྡོ་ཡིན་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ཞང་ཀང་སྤུན་ཟླ་དང་བཅས་པའི་ཀྲུང་གོ་མི་དམངས་ཡོངས་ཀྱི་རྩ་བའི་ཁེ་ཕན་གནས་ས་ཡིན། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་། ཀྲུང་དབྱང་གི་དབང་ཆ་དང་ཞང་ཀང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་དབང་གྲགས་ལ་འགྲན་སློང་བྱེད་པ། ཞང་ཀང་བེད་སྤྱད་དེ་ནང་ལོགས་ས་ཁུལ་ལ་སིམ་འཛུལ་གཏོར་བཤིག་གཏོང་བ་བཅས་ཀྱི་བྱེད་སྒོ་གང་ཞིག་ཡིན་རུང་། ཚང་མས་མཐའ་ཐིག་ལ་རེག་ཐུག་བྱས་ཡོད་པས། ངེས་པར་དུ་བྱེད་ཐབས་ནུས་ལྡན་སྤྱད་དེ་ཁྲིམས་ལྟར་སྔོན་འགོག་དང་བཀག་འགོག ཁྲིམས་གཅོད་བཅས་བྱ་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་རྒྱུ་དང་།ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། རྒྱ་ཆེའི་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཆེ་རུ་ཏན་ཏིག་གིས་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས་ཟེར།

དེ་མིན་ད་དུང་ཐིན་ཅཱ་ཚའེ་དང་ཀྲང་ཀོང་རུང་སོགས་ཀྱིས་ཀྱང་སྔ་གཞུག་བྱས་ཏེ་གཏམ་བཤད།

བན་དེ་སྐྱབས་ཀྱིས་བསྒྱུར།