ཟླ་དྲུག་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཞིང་ཆེན་སྲིད་གཞུང་གིས་“འབྲས་ཁུག་”དང“ཚོད་སླེའི”འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པའི་ཆེད་དོན་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་འབྲུ་རིགས་བདེ་འཇགས་ཀྱི་ཧྲིན་ཀྲང་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་གཏིང་ཟབ་བྱས་པ་དང་།འབྲེལ་ཡོད་སྡེ་ཁག་དང་ཟི་ལིང་གྲོང་ཁྱེར་གྱིས“འབྲས་ཁུག”དང“ཚོད་སླེའི”འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུར་ཉན་པར་མ་ཟད།འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་བཅས་ཚོགས་འདུར་ཞུགས།
གྲོས་ཚོགས་ལས་བསྟན་དོན། “འབྲུ་རིགས”དང“ཚོད་སླེ”ནི་རྒྱལ་ཇུས་དང་འབྲེལ་བ་ཡོད་ཅིང་དམངས་ཚིས་དང་འབྲེལ་བ་ཡོད། ལྷག་པར་དུ་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་དང་གློ་ཚད་ཀྱི་རིམས་ནད་གསར་པ་འགོག་ཟོན་བྱེད་པའི་དམིགས་བསལ་རྒྱབ་ལྗོངས་འོག འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་ཚད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་དམ་འཛིན་ཡག་པོ་བྱ་རྒྱུ་དེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་འཇགས་ཡོང་བར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འབྲུ་རིགས་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་དང་། སྤྱིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཐབ་ཇུས་དོན་འཁྱོལ་ནན་ཏན་བྱེད་པ། དུས་བབ་གསར་པའི་འོག་གི་འབྲུ་རིགས་བདེ་འཇགས་ལས་དོན་ཡག་པོར་བསྒྲུབ་རྒྱུའི་གལ་ཆེའི་རང་བཞིན་ཐད་ཀྱི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་དགོས། འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་དེ་སྔར་ལས་མངོན་གསལ་དོད་པའི་གནས་བབ་གལ་ཆེན་ཐོག་བཞག་ནས། རང་རེའི་ཞིང་ཆེན་གྱི་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་ཀྱི་འགལ་བ་མངོན་གསལ་དོད་ཅིང་། ཞིང་ལས་ཀྱི་རྨང་གཞི་བརྟན་པོ་མེད་པ། འགན་སྲུང་མ་ལག་རྗེས་ལུས་ཐེབས་པ། ཁྲོམ་རའི་སྙོམས་སྒྲིག་ནུས་པ་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་དགོས། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་དང་གསོག་འཇོག་བྱེད་ནུས། འཁོར་རྒྱུག་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། རིམ་པ་སྔར་ལས་མཐོ་བ་དང་སྤུས་ཚད་དེ་བས་མཐོ་བ། ལས་ཆོད་སྔར་ལས་ཆེ་བ། རྒྱུན་མཐུད་སྔར་ལས་ཐུབ་པ་བཅས་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་མ་ལག་གང་མགྱོགས་འཛུགས་དགོས་ཟེར།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་འབྲུ་རིགས་ཉེན་མེད་ཡོང་བར་འགན་སྲུང་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་།“འབྲས་ཁུག”དང“ཚོད་སླེའི”འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་འབྲེལ་ཡོད་བླང་བྱ་ལག་བསྟར་ནན་ཏན་བྱེད་པ། “བརྟན་འཇགས་དྲུག”དང་“འགན་སྲུང་དྲུག”གི་ལས་ཀ་ལེགས་སྒྲུབ་ཏན་ཏིག་བྱ་དགོས། འབྲུ་རིགས་བདེ་འཇགས་ལས་དོན་གྱི་དམིགས་ཚད་དང་སྲིད་ཇུས། བྱེད་ཐབས་བཅས་ཁྱོན་ཡོངས་ནས་གསལ་འགྲེལ་བྱ་དགོས། ལས་ཀའི་འཆར་འགོད་ཞིབ་འཇུག་དང་གཏན་འབེབས་བྱས་ནས་འབྲུ་རིགས་བདེ་འཇགས་ཀྱི་ལས་འགན་ལྕི་མོ་ཏན་ཏིག་ངང་འཁུར་དགོས། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་དང་ཆེས་གཟབ་ནན་གྱི་རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་དོན་འཁྱོལ་བྱས་ཏེ། རྨོ་ཞིང་གི་སྤུས་ཚད་སྲུང་སྐྱོབ་དང་མཐོ་རུ་གཏོང་བའི་བྱེད་སྒོ་ལག་བསྟར་ཧུར་ཐག་བྱས་ནས། ཚད་གཞི་མཐོ་བའི་གཞི་རྩའི་ཞིང་ལས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། འདེབས་འཛུགས་གྲུབ་ཚུལ་ལེགས་སྒྲིག་དང་ལེགས་སྒྱུར་བྱེད་པ་དང་། འབྲུ་རིགས་ཐོན་སྐྱེད་གཉེར་སྐྱོང་བྱེད་པོ་གསར་པ་དང་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་མ་ལག་གསོ་སྐྱོང་བྱ་དགོས། ཐོན་སྐྱེད་བྱེད་ནུས་བརྟན་པོ་དང་ཆེ་རུ་གཏོང་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ། སོན་བཟང་དང་ཁྲིམས་བཟང་། ལག་རྩལ་བཟང་པོ་བཅས་ཆ་འགྲིག་ཡོང་བར་ཤུགས་སྣོན་པ་དང་། སྤུས་ཚད་ཉེན་མེད་ཡོང་བར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཉོ་སྒྲུབ་དང་གསོག་འཇོག འཁོར་རྒྱུག བབ་བསྟུན་སྙོམས་སྒྲིག་བཅས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། འབྲུ་རིགས་གསོག་འཇོག་ཁོ་ན་ནས་འབྲུ་རིགས་གསོག་འཇོག་དང་སོན་རིགས་ལ་དོ་སྣང་བྱེད་པར་བསྒྱུར་བར་སྐུལ་འདེད་གཏོང་དགོས། འབྲུ་རིགས་ཀྱི་སྤུས་ཀ་ལེགས་པ་དང་གསོག་འཇོག་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།