ཟླ་དྲུག་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་གྲོས་ཚོགས་བསྡུས་ཏེ། ཚོགས་ཐོག་ནས་ལས་ཞུགས་བརྟན་པོ་ཡོང་བ་དང་། ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཞིང་ཆེན་སྲིད་གཞུང་གི་སྒྲིག་སྲོལ་སོགས་ཀྱི་དོན་ཚན་སྔོན་ལ་གཙང་བཤེར་བྱ་རྒྱུར་ཞིབ་འཇུག་བྱས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན།ལས་ཞུགས་ནི་དམངས་ཚིས་རྩ་བ་དང་དམངས་ཚིས་བདེ་རྩ་ཆེ་ཤོས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལས་ཞུགས་འགན་སྲུང་དང་ལས་ཞུགས་རྒྱ་སྐྱེད་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བརྟན་འཇགས་དང་རྒྱ་བསྐྱེད་དགོས། ལས་ཞུགས་སྔོན་ཐོབ་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། གཙོ་གནད་ལས་རིགས་དང་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་རྒྱབ་སྐྱོར་བྱ་རྒྱུར་སྔར་ལས་ཤུགས་བསྣན་ནས། ལས་ཞུགས་འགན་ལེན་དང་ཁེ་ལས་བརྟན་པོ་ཡོང་བར་བྱ་དགོས། འཕྲིན་སྦྲེལ་དྲ་བ་དང་གཞི་གྲངས་ཆེན་མོ། མིས་བཟོས་རིག་སྟོབས། དངོས་ཕུང་དཔལ་འབྱོར་བཅས་མཉམ་འདྲེས་གཏིང་ཟབ་བྱས་ནས་བསྐྲུན་པའི་ལས་ཞུགས་གོ་སྐབས་སྔོག་འདོན་གཏིང་ཟབ་བྱ་དགོས། གཞི་རིམ་གྱི་ལས་ཞུགས་དང་འབྲེལ་བ་ཡོད་པའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ད་ཡོད་ཀྱི་ལས་ཞུགས་བརྟན་པོ་ཡོང་བར་བྱས་ནས་ལས་ཞུགས་གསར་པ་མང་དུ་བཏང་སྟེ།ལས་ཤོར་མི་སྣ་བསྐྱར་དུ་ལས་ཞུགས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ལས་ཀའི་བྱ་ཐབས་སྔར་ལས་ཞིབ་ཚགས་སུ་གཏོང་བ་དང་དྲིལ་བསྒྲགས་གསོ་སྦྱོང་དང་སྲིད་ཇུས་གསལ་འགྲེལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ལས་ཞུགས་ཚོགས་སྤྱིར་སྲིད་ཇུས་ཤེས་སུ་འཇུག་པ་དང་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ།ལས་དོན་ལ་དམ་འཛིན་བྱེད་མཁན་ཡོད་པ་དང་ལས་དོན་ལ་དོ་དམ་བྱེད་མཁན་ཡོད་པ། བྱ་ཐབས་དོན་འཁྱོལ་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས་ཟེར།
གྲོས་ཚོགས་ལས་བསྟན་དོན།ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཞིང་ཆེན་སྲིད་གཞུང་གི་སྒྲིག་སྲོལ་གཙང་བཤེར་བྱེད་རྒྱུ་ནི། ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ཡིན་ལ། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་ལ་ཁག་ཐེག་བྱེད་པའི་ཕྱི་རོལ་ཡུལ་གྱི་བླང་བྱ་ཡང་ཡིན། དེ་མིན་ད་དུང་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་དངོས་ཡོད་དགོས་མཁོ་ལག་བསྟར་བྱས་པ་ཞིག་ཀྱང་ཡིན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཛུགས་པ་དང་བཟོ་བཅོས་རྒྱག་པ། མེད་པར་བཟོ་བ། འགྲེལ་བཤད་རྒྱག་པ་བཅས་ཀྱི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ཏེ། ཀྲུང་དབྱང་གི་དགོངས་དོན་དང་བཅའ་ཁྲིམས་ཀྱི་གཏན་འབེབས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་འབྲེལ་མཐུད་དང་མི་འཚམ་པའི་རིགས། དུས་བཀག་ལྟར་ཁྱོན་ཡོངས་ནས་གཙང་བཤེར་བྱེད་པའམ་ཡང་ན་བླང་བྱ་ལྟར་ཆེད་དོན་གཙང་བཤེར་བྱེད་དགོས། གཏན་འབེབས་བྱས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དེ་སྔར་ལས་དོན་དངོས་དང་མཐུན་པ་དང་སྔར་ལས་མ་ལག་ཆ་ཚང་བ། སྔར་ལས་ཚན་རིག་དང་མཐུན་ཞིང་གོ་ཆོད་པ་བཅས་ཡོང་བར་བྱས་ཏེ། ལམ་ལུགས་འཛུགས་སྐྲུན་དམ་པོར་བཟུང་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས་ཟེར། གྲོས་ཚོགས་ལས་ད་དུང་ལས་རིམ་གཞན་ལའང་ཞིབ་འཇུག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།