མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་མཚོ་སྔོན་གྱི་སྦྱོར་དངོས་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས།
2020.06.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་དྲུག་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་མཚོ་སྔོན་གྱི་སྦྱོར་དངོས་སྐུལ་སློང་བཀོད་སྒྲིག་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད།《རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུའི་མཚོ་སྔོན་གྱི་ཉིས་སྟོང་ཉི་ཤུ་ལོའི་སྦྱོར་དངོས་ཇུས་གཞི》ཞེས་པ་ལག་བསྟར་དོན་འཁྱོལ་ཡོང་ཐབས་ཐད་ནས་བཀོད་སྒྲིག་བྱས་ཏེ་ནན་གྱིས་བསྟན་དོན། ལོ་རྒྱུས་དང་མི་རིགས། མཚོ་སྔོན་བཅས་ལ་འགན་འཁུར་བའི་འགན་འཁྲིའི་འདུ་ཤེས་དང་མཁོ་གནད་ཆེ་བའི་འདུ་ཤེས་རང་རྒྱུད་ལ་བཅངས་ནས། རྒྱལ་ཁ་ཕུ་ཐག་གཅོད་པའི་རྣམ་འགྱུར་ཐོག་ནས་མི་དམངས་ཀྱི་ཆེད་དུ་འགན་འཁྲི་འཁུར་བ་དང་དུས་རབས་ཀྱི་ཆེད་དུ་འགན་འཁྲི་འཁུར་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ཕྱོགས་ཡོངས་འབྱོར་འབྲིང་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་གཏམ་བཤད། ཧྲིན་ཀྲང་། ཞིང་ཆེན་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ཕྱོགས་ཡོངས་འབྱོར་འབྲིང་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་ཉིང་གིས་སྐུལ་སློང་བཀོད་སྒྲིག་བྱས།

ཝང་ཅན་ཅུན་གྱིས་བསྟན་དོན། སྦྱོར་དངོས་ཇུས་གཞིའི“དམིགས་ཡུལ་”གཅིག་གྱུར་གྱི་བསམ་བློའི་ངོས་འཛིན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནི་བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་པའི་ཐབས་མཆོག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤེལ་བའི《འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་ལེགས་འགྲུབ་བྱེད་པའི་ཞན་ཆ་གསབ་པའི་གནད་དོན》ཞེས་པའི་རྩོམ་ཡིག་གལ་ཆེན་དེར་དོན་སྙིང་གལ་ཆེན་ལྡན་པ་དང་ཕྱོགས་སྟོན་ཧ་ཅང་གསལ་པོ་བྱས་ཡོད། “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང“ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་བྱེད་དགོས་པ་གཉིས”བཟང་བོར་བསྒྲུབ་ཐུབ་པ་བཅས་ཀྱི་མཐོ་ཚད་ནས་འགྲེང་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་རྨང་གཞི་བརྟན་པོ་དང་འབྲེལ་བ་གལ་ཆེན། ཞན་ཆ། གཙོ་གནད་ལས་འགན་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། སྦྱོར་དངོས་ཀྱི་འཆར་གཞིར་ངོས་འཛིན་དང་བསམ་ཤེས། དོན་འཁྱོལ་བཅས་བྱས་ནས། སྔོན་ཚུད་ནས་གཏན་འཁེལ་བྱས་པའི་དམིགས་ཚད་ཀྱི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱས་ཏེ། “བརྒྱ་ལོ་དང་པོའི”འབད་འཐབ་དམིགས་ཚད་ཀྱི་མཚོ་སྔོན་གྱི་ལས་འགན་ནུས་ཤུགས་ཡོད་རྒུས་ཡོངས་འགྲུབ་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་བསྟན་དོན། སྦྱོར་དངོས་ཇུས་གཞིའི་གཙོ་གནད་ནི་གོང་འོག་བྱ་སྤྱོད་མྱུར་མོའི་ངང་སྤེལ་བ་དང་སྤྱི་ཡོངས་ཀྱི་བླང་བྱར་དམིགས་ནས་དམ་པ་དོན་གཉེར་བྱ་རྒྱུ་དེ་ཡིན་ཞིང་། དེ་ནི་སྦྱོར་དངོས་མྱུར་མོར་སྤེལ་བའི་ཕྱོགས་སྟོན་ཞིག་རེད། “དབུལ་ཐར་གཅིག་དང་ལྡབ་འཕར་གཉིས”ཀྱི་དམིགས་ཚད་མངོན་འགྱུར་བྱུང་བ་དང་། ཞན་ཆ་གསབ་པའི་གཙོ་གནད་དེ“མངོན་འགྱུར་བཞིའི”སྟེང་ན་ཡོད། དཔལ་འབྱོར་འཕེལ་རྒྱས་ཀྱི་ཞན་ཆ་གསབ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆ་རྐྱེན་འོག བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་དང་སྒྱུར་བཅོས་སྒོ་དབྱེ་སྒུལ་ཤུགས་སུ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། སེམས་ཤུགས་གཅིག་སྒྲིལ་གྱིས“བརྟན་འཇགས་དྲུག་”དང“འགན་སྲུང་དྲུག”གི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དེ་བླ་ན་མེད་པའི་གནས་སུ་འཇོག་རྒྱུ་རྒྱུན་འཁྱོངས་དང་། མང་ཚོགས་ཀྱི་དགོས་མཁོ་དང་སྤྱི་པའི་ཞབས་ཞུའི་ཞན་ཆར་དམིགས་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམ་ཆུང་སྐྱོང་མཁན་ཡོད་པ་བཅས་ཀྱི་ཐད་འབད་བརྩོན་བྱ་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཞན་ཆ་གསབ་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་དགོས།རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་ནས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་དགོས། གནད་འཁེལ་ཤུགས་འདོན་དང་ཚན་རིག་དང་མཐུན་པར་བཅོས་སྐྱོང་། ཁྲིམས་ལྟར་སྐུལ་འདེད་བཅས་བྱེད་དགོས། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལྗང་མདོག་གི་རྨང་གཞི་ཡག་པོ་བསྐྲུན་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འཕེལ་རྒྱས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས། སྤྱི་ཚོགས་ཡར་ཐོན་གྱི་ཞན་ཆ་གསབ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བསྟར་རྒྱུ་རྩ་བར་འཛིན་པ་དང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་འཛིན་པ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་བྱ་སྤྱོད་དམ་འཛིན་བྱ་གཞིར་བྱས་ཏེ། བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་སྣེ་ཁྲིད་ནུས་པ་དང་ཐེག་ནུས་ཆེ་རུ་གཏོང་བ། ཀུན་གྱིས་དོ་སྣང་བྱེད་སར་ཨ་ལན་སློག་པ་དང་དོ་ཁུར་བྱེད་སར་དོ་སྣང་བྱེད་པ། དཀའ་གནད་སེལ་བ། འགག་གནད་གྲོལ་ལ། འདེགས་གནས་ཤུགས་ཆེར་གཏོང་བ་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། སྦྱོར་དངོས་ཇུས་གཞིར་སེམས་ནུས་གཅིག་སྒྲིལ་གྱིས་མཁྲེགས་གཏོར་དམག་འཐབ་རྒྱག་དགོས་པ་དང་གཙོ་གནད་ལས་འགན་སོ་གཉིས་པོ་ཆད་ལུས་མེད་པར་ལེགས་སྒྲུབ་བྱ་རྒྱུ་ནི། མཁྲེགས་གཏོར་དམག་འཐབ་ལ་ཞིབ་བཤེར་བྱེད་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་ཞན་ཆ་དང་ཞན་ཆར་དམིགས་པ། གནད་དོན་གང་ཞིག་ཡོད་ན་དེ་ཐག་གཅོད་བྱ་རྒྱུ་དང་། གནད་དོན་གང་ཞིག་མངོན་གསལ་ཆེ་ན་དེ་ཐག་གཅོད་བྱ་རྒྱུའི་རྩ་དོན་ལ་གཞིགས་ནས། མྱུར་ཚད་དང་སྤུས་ཚད་གལ་ཆེ་མཉམ་བརྩི་དང་། ཁྱོན་ཡོངས་དང་ཆ་ཤས་མཐུན་སྦྱོར། མཁྲེགས་ཆས་དང་མཉེན་ཆས་གཅིག་གྱུར་འཆར་འགོད། གྲངས་་འབོར་གཏན་འཁེལ་དང་ངོ་བོ་གཏན་འཁེལ་ཟུང་འབྲེལ་བཅས་མཐའ་འཁྱོངས་བྱས་ཏེ། ལས་འགན་གཙོ་བོ་དངོས་འབེབས་དང་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། སྦྱོར་དངོས་ཇུས་གཞིའི་གཙོ་གནད་ནི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན་པ་དང་། ཏང་སྲིད་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་མིག་དཔེ་སྟོན་པ་ནི་མཚོ་སྔོན་གྱི་རྒྱུགས་ལན་སྤྲོད་པའི་འགག་རྩ་ཡིན། འགོ་ཁྲིད་ཚན་ཆུང་གིས་གདུང་འདེགས་ཀ་བ་ཡག་པོ་བྱེད་རྒྱུ་དང་། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པར་སྣེ་ཁྲིད་ཡག་པོ་བྱ་དགོས་པ་དང་། ཏང་ཡོན་ལས་བྱེད་པས་རྟེན་ས་ཡག་པོ་བྱ་དགོས། འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་སྐུལ་འདེད་ཡག་པོ་གཏོང་དགོས། བྱ་སྤྱོད་ཇུས་གཞིའི་ནང་གཏན་འཁེལ་བྱས་པའི་ལས་འགན་གསལ་ཐོ་རེ་རེ་བཞིན་མདུན་དུ་སྤེལ་བ་དང་རེ་རེ་བཞིན་དམ་འཛིན་ཏན་ཏིག་བྱས་ནས། ལས་དོན་གནད་ལ་འཁེལ་བ་དང་སྟོབས་ཤུགས་གནད་ལ་འཁེལ་བ། འགན་འཁྲི་གནད་ལ་འཁེལ་བ་བཅས་ཡོང་བར་འགན་ལེན་བྱེད་དགོས། འགོ་ཁྲིད་ཀྱི་ནུས་པར་བརྟེན་ནས་ལག་བསྟར་གྱི་ནུས་པར་སྐུལ་ཁྲིད་བྱས་ཏེ། བྱ་སྤྱོད་ཀྱི་ཇུས་གཞི་དངོས་འབྲེལ་ལག་ལེན་བསྟར་ཐུབ་པ་བྱེད་དགོས་ཟེར།

ལིའུ་ཉིང་གིས་བསྟན་དོན། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པར་བྱ་རྒྱུ་ནི་མི་དམངས་ཀྱི་བསམ་འདུན་དང་མི་རིགས་ཀྱི་བྱ་གཞག་རླབས་ཆེན་ཞིག་ཡིན་པས། བསམ་བློ་དང་སྦྱོར་བ་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་དགོས། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་ལེགས་འགྲུབ་བྱེད་པའི་གལ་ཆེའི་རང་བཞིན་དང་དཀའ་ཚེགས་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རིམ་པ་ཅུང་དམའ་བའི་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་གཞི་ཚུགས་པར་བྱེད་རྒྱུ་དང་། མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བ་སེལ་ཅི་ཐུབ་བྱས་ཏེ། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་བྱེད་པ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་གཟབ་ནན་བྱ་དགོས། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི“མཐའ་མའི་སྤྱི་ལེ་གཅིག”ལེགས་པར་བཅད་དེ་བློ་ཐག་རྦད་བཅད་ཀྱིས་རྒྱལ་ཁ་ལེན་དགོས་ཟེར།

ལིའུ་ཉིང་གིས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱ་རྒྱུ་ནི་མཚོ་སྔོན་གྱིས་རྒྱུན་མཐུད་འབད་འཐབ་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལྕི་མོ་ཞིག་རེད། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། དུས་རིམ་སོ་སོའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུ་དེ་མཚོ་སྔོན་ སྲིད་འཛིན་གྱི་ལས་འགན་ཨང་དང་པོར་བརྩིས་ཏེ། ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དམིགས་འབེན་གཏན་འཁེལ་དང་རྒྱུན་མཐུད་འབད་འཐབ་བྱས་པར་བརྟེན། ཕྱོགས་ཡོངས་ནས་འབྱོར་འབྲིང་གི་ཕུགས་འདུན་མངོན་འགྱུར་བྱེད་ལ་ཉེ། ལག་བསྟར་བྱ་སྤྱོད་ཀྱི་འཆར་གཞི་བཟོ་རྒྱུ་དང་རྒྱུན་ཆད་མེད་པར་བཟང་ཕྱོགས་སུ་འགྲོ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩའི་རྨང་གཞི་བརྟན་པོ་ཡོང་བར་བྱེད་དགོས། འབྱོར་འབྲིང་གི་སྤུས་ཚད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་དཀའ་གནད་སེལ་བ་དང་ཞན་ཆ་གསབ་པ། ཉམས་ཞན་སྟོབས་སྤེལ་བཅས་བྱེད་པར་སྐུལ་སློང་དང་ཁྲིད་སྟོན་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་བརྗིད་ཉམས་ལྡན་པའི་ཁས་ལེན་དམ་བཅའ་དོན་སྨིན་འབྱུང་བར་བྱེད་དགོས་ཟེར།

ལིའུ་ཉིང་གིས་ནན་གྱིས་བསྟན་དོན། སྦྱོར་དངོས་ཇུས་གཞི་ནི་དུས་ཚོད་རེའུ་མིག་དང་ལམ་རིས། ལས་འགན་ཡི་གེ་བཅས་ཡིན། ས་གནས་དང་སྡེ་ཁག་སོ་སོས་རང་རྟོགས་ངང་ཨང་རྟགས་ལྟར་གྲལ་དུ་བཞུགས་པ་དང་། རང་འགུལ་ངང་ལས་འགན་ངོས་འཛིན་རྩིས་ལེན་བྱེད་དགོས། ནུས་ཤུགས་ཡོད་རྒུས་མཁྲེགས་གཏོར་བྱས་ཏེ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་འགན་ལེན་བྱེད་དགོས། “དབུལ་ཐར་གཅིག་དང་ལྡབ་འཕར་གཉིས། མངོན་འགྱུར་བཞི”བཅས་ཀྱི་དངོས་ཡོད་དོན་སྙིང་ཁོང་དུ་བརྟན་པོ་ཆུད་པར་བྱེད་དགོས། རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་གང་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བས། རང་རེའི་ཞིང་ཆེན་གྱི་འབྱོར་འབྲིང་སྤྱི་ཚོགས་ཀྱི་སྤུས་ཚད་སྔར་ལས་ལེགས་པ་དང་རྒྱུན་མཐུད་སྔར་ལས་ཐུབ་པ་བྱུང་ཡོད། གཅིག་གྱུར་འཆར་འགོད་ཀྱིས་གཙོ་གནད་མཁྲེགས་གཏོར་དང་ཕྱོགས་ཡོངས་ལ་སྐུལ་འདེད་གཏོང་དགོས། འགྱུར་མེད་ལས་འགན་ལ་དམིགས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཁྲེགས་གཏོར་དང་ལྷུ་ཚིགས་ཞན་སར་དམིགས་ནས་གནད་འཁེལ་ཇུས་འདོན་བྱས་ཏེ། ཕུགས་ཀྱི་འཕེལ་རྒྱས་ལ་གཞི་ཚུགས་ཐུབ་པའི་རྨང་གཞི་ཇེ་བརྟན་དུ་བཏང་ཡོད། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་འོག་གི་ལས་དོན་ཁག་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། “བརྟན་འཇགས་དྲུག”དང་“འགན་སྲུང་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས།ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་དགོས།“གསར་པ་གཉིས་དང་གལ་ཆེན་གཅིག”གི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། གནད་འཁེལ་ཇུས་འདོན་གྱིས་ས་ཁོངས་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་ཞན་ཆ་གསབ་དགོས། ས་ཁོངས་འཕེལ་རྒྱས་ཀྱི་དོན་དངོས་དང་ས་གནས་ཀྱི་དགེ་མཚན་དང་ཁྱད་ཆོས་ལ་བསམ་གཞིགས་གང་ལེགས་བྱེད་པ་དང་། མཁྲེགས་གཏོར་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་བའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པའི་ལས་འགན་གསལ་ཐོ་བཟོ་དགོས། ལག་བསྟར་གཏིང་ཟབ་བྱས་ནས་ཞན་ཆ་གསབ་པ་དང་ཉམས་ཞན་དུ་གཏོང་བ། བྱ་སྤྱོད་ཀྱི་ཇུས་གཞི་དོན་འཁྱོལ་བྱེད་པར་མཁྲེགས་གཏོར་དཀའ་སེལ་དང་རྒྱལ་ཕམ་ཐག་གཅོད་ཀྱི་དམག་འཐབ་བྱེད་དགོས། སེམས་ཐག་རྦད་བཅད་ཀྱིས་ཐག་གཅོད་དམག་འཐབ་ཀྱི་ནང་ཞུགས་དགོས། ཕྱོགས་ཡོངས་ནས་ཕར་རྒོལ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་མཇུག་བསྡུའི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་དང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་འགན་ལེན་བྱས་ནས། དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་ཧུར་ཐག་སྒོས་་བསྐྲུན་དགོས་ཟེར།

 ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་ཝང་ལིས་མེན། དབྱང་ཧྥུན་ཁྲུན། ཀྲང་ལིས། དབྱང་ཀྲི་ཝུན་བཅས་ཚོགས་འདུར་ཞུགས།

ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས《རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱེད་པའི་མཚོ་སྔོན་གྱི་ཉིས་སྟོང་ཉི་ཤུ་ལོའི་སྦྱོར་དངོས་ཇུས་གཞིའི》ནང་དོན་གསལ་བཤད་བྱས། ཟི་ལིང་དང་མཚོ་ཤར། མཚོ་ལྷོ། མགོ་ལོག་སོགས་ས་ཁུལ་གྱི་འགན་འཁུར་བས་གཏམ་བཤད། ཚོགས་འདུ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་བསྡུས་པ་དང་གྲོང་ཁྱེར་དང་ཁུལ་སོ་སོ་ནས་ཡན་ལག་ཚོགས་ར་བཙུགས།

བན་དེ་སྐྱབས་ཀྱིས་བསྒྱུར།