ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2020.06.25 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 48

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དྲུག་པའི་ཚེས་ཉེར་བཞིའི་ཉིན་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཁེ་ལས་འཛུགས་པའི་དུས་ཚོད་ཇེ་ཐུང་དུ་གཏོང་བ་དང་ཚད་ལྡན་ལས་རིགས་ཀྱི་ཚོང་ཚོགས་མཐུན་ཚོགས་ཀྱི་དངུལ་བསྡུས་གཙང་སེལ་བྱས་ཏེ། ཚོང་ར་གཙོ་བོའི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་གསོན་ཤུགས་ཇེ་ཆེར་གཏོང་དགོས་པར་བསྟན། ཞིང་སྡེའི་སྨན་པ་དང་ཕྱུགས་སྨན་ལས་རིགས་ཀྱི་ཐོབ་ཐང་ལམ་ལུགས་བཅོས་སྒྱུར་བྱེད་པ་དང་འཐུས་ཚང་དུ་བཏང་ནས། མཐོ་རིམ་སློབ་གྲྭའི་འབྲེལ་ཡོད་ཆེད་ལས་ཀྱི་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྟབས་བདེ་བཟོ་རྒྱུ་ཐག་བཅད། 

གྲོས་ཚོགས་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་ཞིང་། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱེད་པ་དང་། ཚོང་ར་གཙོ་བོར་འགན་སྲུང་བྱེད་པ་དེ་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ། ལས་ཞུགས་དང་གཞི་རྩའི་དམངས་ཚིས་ལ་འགན་སྲུང་བྱེད་དགོས། ཤུགས་ཆེན་པོས་ཁེ་ལས་ཀྱི་དཀའ་ཁག་སེལ་བར་རྒྱབ་སྐྱོར་བྱེད་པའི་ཞོར་དུ། དབང་གཏོང་དང་དོ་དམ། ཞབས་ཞུ་བཅས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཚོང་གཉེར་ཁོར་ཡུག་གི་སྦས་ཤུགས་སྔོག་འདོན་དང་ལེགས་བཅོས་བྱས་ཏེ། ཚོང་རའི་གསོན་ཤུགས་སྔར་ལས་སྐུལ་སྤེལ་བྱེད་དགོས། གྲོས་ཚོགས་ནས་སྔར་ལས་ལྷག་པའི་སྒོ་ནས་ཁེ་ལས་འཛུགས་པའི་ཞབས་ཞུ་ལེགས་བཅོས་བྱས་ནས། ལོ་མཇུག་གི་སྔོན་ལ་ཞིང་ཆེན་སོ་སོར་དྲ་ཐོག་ནས་མུ་གཅིག་ཏུ་སྤེལ་བའི་སྟེགས་བུ་ཞིག་བཙུགས་ཏེ། འགྲོ་ལུགས་ཚང་མ་སྐུད་ཐོག་ནས་རེའུ་མིག་ཁ་སྐོང་བྱེད་པ་དང་ཁ་ཚང་བའི་རྒྱུ་ཆ་དག་སྒེའུ་ཁུང་གཅིག་ནས་མཉམ་དུ་བླངས་ཆོག་པ་མངོན་འགྱུར་བྱེད་རྒྱུ་ཐག་བཅད། ལྟ་རྟོག་དོ་དམ་ལ་ཤུགས་སྣོན་པ་དང་བདེ་འཇགས་ལ་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གློག་རྡུལ་ཚོང་གཉེར་དཔང་ཡིག་བེད་སྤྱོད་བྱེད་པ་ཁྱབ་གདལ་དུ་གཏོང་དགོས། ཁེ་ལས་འཛུགས་པའི་དུས་ཚོད་དེ་ཉིན་བཞི་དང་དེ་ལས་ཐུང་བའི་དུས་ཡུན་དུ་ཇེ་ཐུང་ལ་གཏོང་དགོས། དེ་ནི་ལམ་ལུགས་བཀོད་སྒྲིག་ཡིན་པར་མ་ཟད་རིམས་འགོག་ཆ་རྐྱེན་འོག་ཁེ་ལས་ལ་སྟབས་བདེ་བཟོ་བའི་བྱེད་ཐབས་ཤིག་ཀྱང་རེད། 

གྲོས་ཚོགས་ནས་སྔར་ལས་ལྷག་པའི་སྒོ་ནས་ལས་རིགས་ཚད་ལྡན་གྱི་ཚོང་ཚོགས་མཐུན་ཚོགས་ཀྱི་དངུལ་བསྡུ་གཙང་སེལ་བྱས་ཏེ་གཏན་འགོག་ལྔ་བཟང་བོར་བསྒྲུབ་དགོས་ཏེ། བཙན་ཤེད་ཀྱིས་ཁེ་ལས་མཐུན་ཚོགས་ནང་ཞུགས་སུ་བཅུག་སྟེ་གྲོན་དངུལ་བསྡུ་བར་གཏན་འགོག་བྱེད་པ་དང་། བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་འགན་འཁྲི་བེད་སྤྱོད་པ་དང་སྲིད་གཞུང་གི་མངག་བཅོལ་ལྟར་དབང་ཆ་བསྩལ་བའི་ལས་དོན་གྱི་སྒྲིག་འགལ་གྲོན་དངུལ་བསྡུ་བར་གཏན་འགོག་བྱེད་པ། དཔྱད་འཇོག་དང་གཟེངས་བསྟོད་བྱ་འགུལ་ལ་བརྟེན་ནས་གྲོན་དངུལ་བསྡུ་བར་གཏན་འགོག་བྱེད་པ། ལས་རིགས་ཐོབ་ཐང་ངོས་འཛིན་ལ་བརྟེན་ནས་ཁྲིམས་འགལ་གྱིས་གྲོན་དངུལ་བསྡུ་བ་རགཏན་འགོག་བྱེད་པ། གྲོན་དངུལ་བསྡུ་བ་མ་གཏོགས་ཞབས་ཞུ་མི་བྱེད་པར་གཏན་འགོག་བྱེད་པ་བཅས་རེད། 

གྲོས་ཚོགས་ནས་བསྟན་དོན། ད་ལོའི་སློབ་ཆེན་སློབ་མའི་ལས་ཞུགས་ལས་འགན་ཧ་ཅང་ལྗིད་པས། མི་ཚོགས་གཙོ་བོའི་ལས་ཞུགས་ལ་འགན་སྲུང་བྱེད་པའི་རེ་བ་གཞིར་བཟུང་སྟེ། བཅོས་སྒྱུར་གྱི་བྱེད་ཐབས་བཀོལ་ནས་བཀག་རྒྱ་སེལ་བ་དང་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་དགོས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ལས་ཞུགས་རྒྱ་བསྐྱེད་པའི་ཐད་བྱེད་ཐབས་མང་དུ་འདོན་པ་དང་། རིགས་སྣ་ཚོགས་ཀྱི་ལས་རིགས་ཐོབ་ཐང་བཅོས་སྒྱུར་བྱས་ཏེ་སྟབས་བདེ་རུ་གཏོང་དགོས་ལ། དབང་གཏོང་དང་དོ་དམ་ཟུང་འབྲེལ་བྱེད་པ་དང་ཞབས་ཞུ་ལེགས་བཅོས་བྱས་ཏེ། སློབ་ཆེན་སློབ་མའི་ལས་ཞུགས་ཐད་སྟབས་བདེ་བཟོ་དགོས་པ་ནན་བཤད་བྱས། 

གྲོས་ཚོགས་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།