མཚོ་སྔོན་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོངས་དོན་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་མཚོ་སྔོན་ནས་གསར་གཏོད་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་། ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་བྱེད་པའི་ཐད་རོགས་འདེགས་བྱས་པ་མ་ཟད། ཧུར་ཐག་གིས་དུས་རབས་གསར་བའི་མཚོ་སྔོན་དམངས་ཆེན་བྱ་བའི་རྣམ་པ་གསར་བ་བསྐྲུན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཞིན་ཁྲང་ཞེང་གིས་དུས་རིམ་དང་པོའི་གྲོས་ཚོགས་ལ་འགོ་མཛིན་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྲོས་ཚོགས་ལ་ཞུགས།
ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་འཐུས་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་ཐད་ནས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པས། ང་ཚོས་དུས་རབས་གསར་བའི་དམངས་ཆེན་བྱ་བ་བཟང་བོར་བསྒྲུབ་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་། རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། སྐབས་བཅུ་གསུམ་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགན་སྒྲུབ་བྱས་པའི་ཚུན་དུ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་པ་དང་། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཤུགས་བསྣན་ལ། མི་དམངས་ཀྱི་ཆེད་དུ་འགན་སྒྲུབ་བྱས་པ་དང་། ཁྲིམས་སྐྱོང་གི་དགོངས་པ་དར་སྤེལ་བཏང་ཞིང་ནམ་ཡང་བབ་བསྟུན་མདུན་སྐྱོད་དང་གསར་གཏོད་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱས་པས། བྱ་བའི་ཐད་ནས་སྣང་བརྙན་གསར་བ་དང་གསོན་ཤུགས་གསར་བ་མངོན་ལ། གྲུབ་འབྲས་གསར་བ་བླངས་ཟེར།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་དམངས་ཆེན་བྱ་བ་བཟང་བོར་བསྒྲུབ་ན། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་དམངས་ཆེན་བྱ་བའི་ཐད་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བཟང་བོ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་དམངས་ཆེན་བྱ་བར་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱས་ནས། ཏང་གི་འགོ་ཁྲིད་འོག་ཤུགས་ཡོད་པ་དང་ཕན་འབྲས་ལྡན་པའི་སྒོ་ནས་དམངས་ཆེན་བྱ་བ་བསྒྲུབ་དགོས། བློ་བརྟན་འགྱུར་མེད་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་འཕེལ་རྒྱས་སུ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན། རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། མི་དམངས་ཀྱི་གཙོ་གཞི་གོ་གནས་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་དེ་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པར་རྒྱབ་སྐྱོར་དང་འགན་སྲུང་བྱེད་པ། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱིས་ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་དགེ་མཚན་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་དགོས། བློ་བརྟན་འགྱུར་མེད་ཀྱིས་དམངས་ཆེན་གྱི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་གནད་དོན་གལ་ཆེན་ལ་དམིགས་པ་དང་། མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་དཀའ་གནད་གཞིགས་ཏེ། དུས་རབས་གསར་བའི་དམངས་ཆེན་བྱ་བའི་དངོས་གཉེར་ཕན་མཐོའི་རྐྱེན་སྲོལ་གསར་བ་འཛུགས་སྐྲུན་བྱེད་པ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་འགན་སྒྲུབ་བྱེད་པའི་དབང་ཆའི་ལས་ཁུངས་འཛུགས་སྐྲུན་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱི་དམངས་ཆེན་འཐུས་མིའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས། དམངས་ཆེན་འཐུས་མི་ཡིས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། དམངས་ཆེན་གྱི་འཐུས་མི་ཡིས་དཀྱིལ་སྙིང་བྱ་བར་སྔར་ལས་རྒྱུས་ལོན་བྱེད་པ་དང་ཇུས་ཆོད་འགོད་པའི་གོ་རིམ་ཁྲོད་ཞུགས་པ། བྱ་བ་སྤེལ་བའི་གནས་ཚུལ་རྒྱུས་ལོན་བྱེད་པར་ཆ་རྐྱེན་བཟང་བོ་བསྐྲུན་ནས། མི་དམངས་ཀྱི་རིག་སྟོབས་གཅིག་ཏུ་བསྡུས་པ་དང་མི་དམངས་ཀྱི་འདོད་བློ་མཚོན་པར་བྱེད་པ། མི་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། དུས་རབས་གསར་བའི་ཚད་ལྡན་གྱི་དམངས་ཆེན་འཐུས་མི་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་འཛུགས་སྐྲུན་བཟང་བོ་བྱེད་དགོས། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། བདེན་འཚོལ་དངོས་གཉེར་གྱི་བྱ་བའི་སྤྱོད་ཚུལ་ལག་བསྟར་བྱེད་པ། ཆབ་སྲིད་གླེང་བ་དང་སློབ་སྦྱོང་ལ་མཐོང་ཆེན་བྱེད་པ། མཐུན་སྒྲིལ་དང་དྲང་ཕྱོགས་ཀྱི་ནུས་པ་ལྡན་པ། བྱ་བ་སྒྲུབ་ཐུབ་པ་དང་མི་དམངས་བསམ་པའི་དཔེ་སྟོན་ལས་ཁུངས་འཛུགས་སྐྲུན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས་ཟེར།
ཞིན་ཁྲང་ཞེང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དུས་རབས་གསར་བའི་དམངས་ཆེན་བྱ་བར་སྔར་ལས་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་གྲོས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བསམ་བློ་དང་འགུལ་སྐྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དུས་རབས་གསར་བའི་དམངས་ཆེན་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། ལས་འགན་ལག་བསྟར་བྱེད་པར་དམ་འཛིན་བྱས་ནས། འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་མཐོན་པོས་དུས་རབས་གསར་བའི་དམངས་ཆེན་བྱ་བ་བཟང་བོ་བསྒྲུབ་དགོས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་དམངས་ཆེན་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། དམངས་ཆེན་གྱིས་འགན་སྒྲུབ་བྱེད་པར་ཆ་རྐྱེན་བསྐྲུན་པ་དང་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ། མཉམ་དུ་དམངས་ཆེན་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་བྱེད་པ་དང་རྣམ་པ་གསར་བ་བསྐྲུན་པར་སྐུལ་འདེད་གཏོང་བ། ཧུར་ཐག་གིས་དམངས་ཆེན་ལམ་ལུགས་ཀྱི་དགེ་མཚན་དེ་བཅོས་སྐྱོན་ཕན་ནུས་སུ་བསྒྱུར་ནས། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བྱས་རྗེས་གསར་བ་འཇོག་དགོས་ཟེར།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དུས་རབས་གསར་བའི་དམངས་ཆེན་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་གྲོས་གཞི་ཐད་ནས་གསལ་བཤད་བྱས་པར་མ་ཟད་སྤྱི་སྡོམ་གཏམ་བཤད་སྤེལ། ཁོས་ནན་གྱིས་བསྟན་དོན། གྲོས་ཚོགས་ཀྱི་དགོངས་དོན་རྒྱུས་ལོན་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་བའི་དམངས་ཆེན་བྱ་བ་དང་དམངས་ཆེན་གྱི་འགན་སྒྲུབ། འཐུས་མིའི་བྱ་བ། དམངས་ཆེན་འཛུགས་སྐྲུན་བཅས་ཀྱི་གནས་ཐིག་གཏན་ཁེལ་གསར་བ་དང་རེ་བ་གསར་བར་རྒྱུས་ལོན་ཡང་དག་བྱེད་པ། ནམ་ཡང་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་གནས་ཐིག་གཏན་ཁེལ་དང་དམིགས་འབེན་གྱི་གནས་ཐིག་གཏན་ཁེལ། ལམ་ལུགས་ཀྱི་གནས་ཐིག་གཏན་ཁེལ། འགན་འཁྲིའི་གནས་ཐིག་གཏན་ཁེལ་ཁོང་དུ་ཆུད་པར་བྱེད་དགོས་ཟེར།
ཀྲང་ཀོང་རོང་གིས། རིམ་པ་སོ་སོའི་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མྱུར་དུ་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱེད་པ་དང་། ལྟ་ཞིབ་མཛུབ་སྟོན་ལ་ཤུགས་སྣོན་པ། ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། སྣང་ཚུལ་བཟང་བོ་བསྐྲུན་པ། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག འབད་འཐབ་ལྷོད་མེད་དང་གསར་གཏོད་མདུན་སྐྱོད་བྱེད་པ། དུས་རབས་གསར་བའི་དམངས་ཆེན་ལས་དོན་ཐད་ནས་བབ་བསྟུན་མདུན་སྐྱོད་བྱེད་པ་དང་ལེགས་བཅོས་འཕེལ་རྒྱས་སུ་གཏོང་བ། སྤྱི་ཁོག་ནས་མཐོར་འདེགས་བཏང་སྟེ། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་གསར་བ་འཇོག་དགོས་པའི་རེ་བ་བཏོན།
ཚོགས་ཐོག་ཏུ་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་བྱ་བ་དང་འཛུགས་སྐྲུན་གནས་ཚུལ་ཐད་ཀྱི་ཆེད་དོན་གློག་བརྙན་བཏང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དང་། མཚོ་ལྷོ་ཁུལ། རྨ་ལྷོ་ཁུལ། མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་གཙོ་བོ། མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུའུ་སན་ཧི་གྲོང་རྡལ་གྱི་དམངས་ཆེན་ཀྲུའུ་ཞི་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་འཐུས་མི་བཅས་ཀྱིས་བརྗེ་རེས་གཏམ་བཤད་གནང་།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་བཅས་གྲོས་ཚོགས་ལ་ཞུགས།
ལོ་ཙཱ་བ། རིན་ཆེན་མཚོ།