ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ལ་རྟོག་ཞིབ་བྱས།
2020.08.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ། ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འབུར་ཐོན་གོ་གནས་སུ་འཇོག་པ། ད་ཡོད་ཀྱི་བྱ་བའི་རྨང་གཞིའི་སྟེང་། རི་གཉིས་འདུ་ཤེས་ལག་བསྟར་བྱས་ནས། ཤུགས་ཆེན་པོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས་ཟེར། 

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ། ཞིན་ཁྲང་ཞིང་གིས་ཚང་མ་དང་མཉམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་ལྷག་པར་དུ་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ཕྱིར་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་ལ། སྐྱེ་ཁམས་སྒེའུ་ཁུང་རྒྱང་རྟེན་བརྙན་རིས་བརྒྱུད་དེ་འབྲི་ཆུའི་འགོ་ཁུངས་ཀྱི་གཡུ་འབྲུག་ལྷ་རྩེ། ཆི་ལེན་རི་བོའི་བར་དམ་གྲོག་རོང་། ཨ་ཆེན་གངས་རྒྱབ་མཚོ་བོད་ལྕགས་ལམ་སྨུག་པ་ལ་སྒང་ཟམ་ཆེན་སོགས་ཀྱི་ལྟ་ཞིབ་ཚད་ལེན་གནས་ཚུལ་ལ་བལྟས་པར་མ་ཟད། རྨ་ཆུའི་འགོ་ཁུངས་ཀྱི་མཚོ་སྔོ་རེངས་དང་མཚོ་སྐྱ་རེངས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་སའི་སྐོར་སྐྱོད་ལྟ་ཞིབ་བྱ་བའི་མི་སྣ་དང་བརྙན་རིས་བརྗེ་རེས་བྱས་པ་དང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། སེམས་ཤུགས་གཅིག་བསྒྲིལ་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ་དང་ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བཟང་བོ་བྱེད་རྒྱུའི་རེ་བ་བཏོན། 

ཞིན་ཁྲང་ཞིང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་གོང་འོག་ཡོངས་ཀྱིས་ཞི་ཅིན་ཕིང་གི་དཔལ་ཡོན་དགོངས་པ་ལག་ལེན་མཐར་ཕྱིན་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་སྒྲིག་གཞི་བཅོས་བསྒྱུར་ལ་གཅིག་གྱུར་འཆར་འགོད་བྱས་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་བརྟན་བརླིང་ངང་སྤེལ་བ་དང་། ཆུ་དྭངས། གནམ་སྔོ། ས་གཙང་གི་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབས་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་གྲངས་ཆེན་པོའི་སྟེགས་བུ་འཛུགས་སྐྲུན་བྱས་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་ལ། དུས་མཚུངས་སུ་ད་དུང་ཞན་ཆ་ཡང་མི་ཉུང་བ་ཡོད་པས། ཉམས་མྱོང་དང་བྱེད་ཐབས་བཟང་བོ་སྤྱི་སྡོམ་དང་བཀོལ་སྤྱོད་བྱེད་པ་མ་ཟད། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གནད་དོན་གྱི་དག་ཐེར་ལེགས་བཅོས་བྱ་བ་མཐའ་གཅིག་ཏུ་བཟང་བོར་བསྒྲུབ་དགོས་ཟེར། 

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་བཞི་དང་ཆེས་ཆེ་གསུམ་གྱི་བླང་བྱ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགུལ་སྐྱོད་དངོས་དང་གྲུབ་འབྲས་དངོས་ལ་བརྟེན་ནས་ཏང་ལ་བློ་དཀར་བ་དང་འགན་འཁྲི་ཁག་ཁུར་མཚོན་པར་བྱེད་དགོས། ཁྱབ་ཁོངས་ཧྲིལ་བོ་དང་གོ་རིམ་ཧྲིལ་བོ། མུ་ཐག་ཧྲིལ་བོ་རུ་སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དྲ་རྒྱུ་འཛུགས་ཏེ། ཡོངས་སུ་ཁེབས་པ་དང་ཁུག་ཀྱོག་མེད་པར་བྱེད་དགོས། གནད་ཕིགས་དང་ཚན་རིག ཁྲིམས་ལྟར་བཙོག་བཟོ་རྒྱུན་འཁྱོངས་བྱས་ནས། བཙོག་བཟོ་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་དགོས། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བ་འགན་སྲུང་དུ་བྱས་པའི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཛུགས་སྐྲུན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཆ་འཕྲིན་ཅན་གྱི་ལྟ་ཞིབ་ཚད་ལེན་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས། དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཆབ་སྲིད་འདུ་ཤེས་བརྟན་པ་དང་ནུས་པ་ལྡན་པ། སྤྱོད་ཚུལ་བཟང་བ། ཁག་ཁུར་བྱེད་ཕོད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔུང་སྡེ་བཟང་བོ་ཞིག་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བཙུགས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱུ་སྤུས་ཇེ་མཐོར་གཏོང་དགོས་ཟེར། 

ཧྲིན་ཀྲང་གཞོན་པ་ལིག་ཐོ་ཡིས་མཉམ་དུ་རྟོག་ཞིབ་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།