མུ་རི་གཏེར་ཁུལ་དང་ཆི་ལེན་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་སྤེལ་འགོ་རྩོམ་པའི་ཡུལ་དངོས་གྲོས་ཚོགས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ལག་བསྟར་བྱེད་འགོ་བརྩམས་པ་དྲིལ་སྒྲོག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྲོས་ཚོགས་ལ་ཞུགས།
ཞིན་ཁྲང་ཞིང་གིས་བསྟན་དོན། ཐེངས་འདིའི་ཡུལ་དངོས་གྲོས་ཚོགས་བསྡུས་པ་དེས། མུ་རི་གཏེར་ཁུལ་དང་ཆི་ལེན་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་དངོས་སུ་སྤེལ་འགོ་བརྩམས་པ་མཚོན་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་བཟང་བོ་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱས་ནས། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བའི་སྟེང་གཅིག་གྱུར་བྱེད་དགོས། དམིགས་འབེན་ལ་གཞིགས་ནས་སྤུས་ཚད་དང་གྲུབ་འབྲས་དམ་འཛིན་བྱེད་པ་དང་། ལོ་གསུམ་འགུལ་སྐྱོད་ཇུས་གཞི་དང་དམ་དུ་དམིགས་པ། དམིགས་འབེན་ལས་འགན་གཏན་ཁེལ་གསལ་བོ་བྱེད་པ། ཟླ་བ་གཉིས་དང་ལོ་ཧྲིལ་བོ། ལོ་གཉིས། ལོ་གསུམ་སོགས་ཀྱི་དུས་ཚོད་དང་དུས་རིམ་རང་བཞིན་གྱི་ལས་འགན་ཚད་གཞི་རུ་བཟུང་སྟེ། རེ་རེ་བཞིན་དམ་འཛིན་བྱེད་པ་དང་རེ་རེ་བཞིན་བསྒྲུབ་པ་དང་། དུས་ཚོད་ཀྱི་གོ་རིམ་ལྟར་སྤུས་ཚད་མཐོན་པོས་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས་པ་ཁག་ཐེག་བྱེད་དགོས། སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་མཁྲེགས་གཏོར་དམ་འཛིན་བྱེད་པ་དང་། བཅོས་སྐྱོང་དང་སླར་གསོ་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་བཅོས་སྐྱོང་བྱེད་པ་དང་སྲིད་ཇུས་གནད་ལ་འཁེལ་བ་སྤྱོད་པ། རི་བོ་ལྗང་བསྒྱུར་དང་རི་ལྡེབས་ཀྱི་བཅོས་སྐྱོང་། སྔོ་ཁེབས་སླར་གསོ་སོགས་བྱ་བ་སྣ་ཚོགས་དམ་འཛིན་བྱས་ནས། མཐོ་སྒང་ས་ཁུལ་གྱི་གཏེར་རིའི་སྐྱེ་ཁམས་ཁོར་ཡུག་སླར་གསོའི་དཔེ་གཞི་འཛུགས་སྐྲུན་བྱེད་དགོས། དེ་དང་མཉམ་དུ། ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་ཞིབ་གདེང་འཇོག་བྱེད་པ་དང་རང་རྟོགས་སྒོས་ལྟ་སྐུལ་དང་ལེན་བྱེད་པ། དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་སྣོན་པ། བྲེལ་མྱུར་འདུ་ཤེས་དང་ཕྱོགས་གཅིག་ལ་བདེ་སྐྱིད་བསྐྲུན་པའི་འགན་འཁྲི་འདུ་ཤེས་ལ་བརྟེན་ནས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།
ཧྲིན་ཀྲང་གཞོན་པ། མཚོ་ནུབ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཝུན་ཀའོ་ཏུང་གིས་མཚོ་ནུབ་ཁུལ་ཏང་ཨུ་དང་སྲིད་གཞུང་། ཡུལ་དངོས་བཀོད་འདོམས་པུའུ་ཡི་ཚབ་བྱས་ནས་བཤད་རྒྱུར། ཆབ་སྲིད་ཀྱི་འགན་འཁྲི་དང་གཙོ་གཞི་འགན་འཁྲི། ཁོངས་གཏོགས་འགན་འཁྲི་ཕྲག་ཏུ་ལེན་པ། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་གསུམ་བཅོས་སྐྱོང་ཇུས་གཞི་ཇེ་ཞིབ་ཏུ་གཏོང་བ། བློ་སེམས་རྩེ་གཅིག་གིས་མཁྲེགས་གཏོར་བྱ་བ་སྤེལ་ནས། དུས་བཀག་ལྟར་བཅོས་སྐྱོང་དམིགས་འབེན་ཡོངས་འགྲུབ་བྱེད་དགོས་ཟེར།
ཀྲུང་གོའི་རྡོ་སོལ་ས་གཤིས་སྤྱི་ཁྱབ་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི། ཅུའུ་ཀྲང་ཀྲའོ་ཕེན་གྱིས་ཀྲུང་དབྱང་གི་ཁེ་ལས་དང་འཛུགས་སྐྲུན་ཁྲོད་ཞུགས་པའི་སྡེ་ཁག་གི་ཚབ་བྱས་ནས། བཅོས་སྐྱོང་བཟོ་སྐྲུན་འཆར་འགོད་འཛུགས་སྐྲུན་ཇུས་གཞི་ལྟར། ལས་གཞིའི་ཡུལ་དངོས་དོ་དམ་དང་བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་པ། ཚད་གཞི་ལྡན་པའི་ལས་གཞི་འཛུགས་སྐྲུན་བྱེད་ས་འཛུགས་སྐྲུན་བྱེད་པ། སྤུས་ཚད་མཐོན་པོ་དང་ལས་ཆོད་མཐོན་པོས་བྱ་བ་སྤེལ་ནས། སྟོབས་ཤུགས་ཡོད་རྒུ་དང་སྤུས་ཚད་མཐོན་པོས་ཕྱོགས་བསྡུས་བཅོས་སྐྱོང་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།
ཞིང་ཆེན་གྱི་འགོ་ཁྲིད་ལིས་ཅེ་ཞང་དང་ཁྲིན་རུའེ་ཧྥུན། ཀྲང་ཀོང་རོང་། ཉི་མ་སྒྲོལ་མ། ལིག་ཐུང་ཏི། ལིག་ཐོ། ཏུའུ་ཅེ། ཁྲིན་མེན་ཀའོ། མིན་ཡུང་ཧྲན་བཅས་གྲོས་ཚོགས་ལ་ཞུགས།
ལོ་ཙཱ་བ། རིན་ཆེན་མཚོ།