ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སི་ལ་འགོག་རྒོལ་བྱེད་པའི་དམག་འཁྲུག་གི་རྒྱལ་ཁ་བླངས་ནས་ལོ་འཁོར་དོན་ལྔ་ལོན་པའི་རྗེས་དྲན་ཉིན་མོའི་སྔ་ནུབ་ཏུ། ཟླ་དགུ་བའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་སོ་སོར་འཇར་འགོག་དམག་འཁྲུག་ལ་ཞུགས་པའི་དམག་མི་རྒན་པ་དང་བློ་མཐུན་རྒན་པའི་འཐུས་ཚབ་མི་སྣར་འཚམས་འདྲི་བྱས་པ་དང་། ཁོ་ཚོས་མི་རིགས་རང་ཚུགས་དང་མི་དམངས་བཅིངས་འགྲོལ། ཀྲུང་གོ་གསར་བ་འཛུགས་སྐྲུན་ཐད་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཞུས་ལ། ཁོང་ཚོར་དད་གུས་དང་འཚམས་འདྲི་ཞུས།
ཝང་ཅན་ཅུན་སྔ་གཞུག་ཏུ་འཇར་འགོག་དམག་འཁྲུག་ལ་ཞུགས་པའི་དམག་མི་རྒན་པ་མིན་ཆིན་ཏོན་དང་ཁྲིན་ཕེན་ཧྲན་གཉིས་ཀྱི་ཁྱིམ་དུ་སོང་ནས། དམག་མི་རྒན་པ་གཉིས་དང་ལག་འཇུ་བྱས་ནས་མེ་ཏོག་ཕུལ་བ་མ་ཟད། ཁོ་གཉིས་ཀྱི་ལུས་ཕུང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཁོ་ཚོས་དམག་འཁྲུག་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་ལ་ཉན་པ་དང་། མེས་རྒྱལ་དང་མཚོ་སྔོན་གྱི་འཕེལ་རྒྱས་འགྱུར་ལྡོག་ལ་ཕྱིར་དྲན་བྱས། ཝང་ཅན་ཅུན་གྱིས་བཤད་རྒྱུར། འཇར་འགོག་དམག་འཁྲུག་ལ་ཞུགས་པའི་དམག་མི་རྒན་པ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་ཅན་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་རྩ་ཆེན་ཡང་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ནམ་ཡང་ཡིད་ལ་དམ་པོར་འཛིན་དགོས། ཏང་ཀྲུང་དབྱང་གི་རེ་བ་ལྟར། ང་ཚོ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས་འཇར་འགོག་དམག་འཁྲུག་ལ་ཞུགས་པའི་དཔའ་བོར་འཚམས་འདྲིར་ཡོང་བ་ཡིན་ལ། ཁྱེད་ཚོས་དམག་འཁྲུག་གི་ལོ་ཟླའི་ནང་ཚེ་སྲོག་དམག་འཁྲུག་ལ་སྤྲད་པ་དང་། ཞི་བདེའི་ལོ་ཟླ་ནང་མི་དམངས་ལ་བྱས་རྗེས་བཞག་པར་བཀའ་དྲིན་ཞུས་པ་ཡིན། ཁྱེད་ཚོ་ཡོད་པས། མི་རབས་རྗེས་མའི་འཚོ་བ་བཟང་བོ་ཡོད་ལ། འབྲེལ་ཡོད་སྡེ་ཁག་གིས་རང་འགུལ་གྱིས་དམག་མི་རྒན་པར་སྔར་ལས་སེམས་ཁུར་དང་མཐོང་ཆེན་བྱེད་དགོས། ང་ཚོས་ངེས་པར་དུ་མི་རབས་སྔོན་མའི་རྒྱུན་འཛིན་པ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་བྱས་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་དང་མཉམ་དུ་འབད་འཐབ་བྱེད་པ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། མཚོ་སྔོན་གྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། དམག་མི་རྒན་པས་དུས་རབས་གསར་བར་མུ་མཐུད་དུ་ནུས་པ་འདོན་སྤེལ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་པ། མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་ནང་ཞུགས་པ་དང་སྐུལ་འདེད་པ། བདེན་དཔང་པ་བྱེད་དགོས། དམག་མི་རྒན་པ་ཚོས་ལུས་ཕུང་ལ་གཅེས་སྤྲས་བྱེད་པ་དང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུས་ཟེར།
ཞིན་ཁྲང་ཞིང་སྔ་གཞུག་ཏུ་དགུང་ལོ་དགུ་བཅུར་བུད་པའི་དམག་མི་རྒན་པ་ཀྲང་རུའུ་ཧྭ་དང་ཝང་ཅེའི་ཁྱིམ་དུ་སོང་ནས། ཁོ་ཚོའི་འཚོ་བ་དང་བདེ་ཐང་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཁོ་ཚོ་དང་མཉམ་དུ་དགྲ་བོར་འགོག་རྒོལ་བྱེད་པའི་ལོ་ཟླར་ཕྱིར་དྲན་བྱས་པ་དང་། མེས་རྒྱལ་གྱི་སྟོབས་ལྡན་དང་མཚོ་སྔོན་གྱི་འགྱུར་ལྡོག་ལ་མྱོང་ཚོར་བྱས། ཞིན་ཁྲང་ཞིང་གིས་བཤད་རྒྱུར། དེ་རིང་ང་ཚོ་འཚམས་འདྲིར་ཡོང་བ་ཡིན་ལ། གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་ལེན་བྱེད་པར་ཡང་ཡོང་བ་ཡིན། དམག་མི་རྒན་པ་ཚོས་མི་རིགས་བཅིངས་འགྲོལ་ཐད་རང་སྲོག་བློས་གཏོང་བྱས་པ་ཏང་དང་རྒྱལ་ཁབ་ཀྱིས་ནམ་ཡང་བརྗེད་མི་སྲིད། འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་ནི་ང་ཚོའི་ཉམས་པ་མེད་པའི་བསམ་པའི་རྒྱུ་ནོར་ཡིན་པ་དང་། དམག་མི་རྒན་པས་ང་ཚོར་ཏང་གི་སློབ་ཁྲིད་གསོན་ཉམས་ལྡན་པ་ཞིག་བྱས། རླབས་ཆེན་གྱི་འཇར་འགོག་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མཐུན་སྒྲིལ་གཅིག་སེམས་ཀྱི་སྙིང་སྟོབས་དང་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་སྒུལ་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཟེར། ཞིན་ཁྲང་ཞིང་གིས་འབྲེལ་ཡོད་སྡེ་ཁག་གིས་འཇར་འགོག་དམག་འཁྲུག་ལ་ཞུགས་པའི་དམག་མི་རྒན་པའི་ལག་རྗེས་བསྡུ་རུབ་དང་ལེགས་སྒྲིག་བྱེད་པ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ལོ་ལོན་གྱི་འཚོ་བར་བདག་སྐྱོང་བཟང་བོ་བྱས་ནས། ལོ་ལོན་ཚོས་ཚེ་སྨད་ཀྱི་འཚོ་བ་བཟང་བོ་ཞིག་རོལ་ཐུབ་པར་བྱེད་རྒྱུའི་མངག་བཅོལ་བྱས།
ཡུས་ཚོང་ལི་དང་དབྱང་ཀྲི་ཝུན་གཉིས་ཀྱིས་མཉམ་དུ་འཚམས་འདྲི་བྱས།
ལོ་ཙཱ་བ། རིན་ཆེན་མཚོ།