ཟླ་དགུ་པའི་ཚེས་བཅུ་ཉིན། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ་ལོ་བཅུ་འཁོར་བའི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་ནས་བསྡུས། ཚོགས་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ནས། ལོ་བཅུའི་འོད་སྟོང་འབར་བའི་གྲུབ་འབྲས་སྤྱི་སྡོམ་བྱས་ཏེ། ལམ་ལུགས་ཁྱད་སྟོབས་ཀྱི་དྲིན་ཚོར་བར་བྱས་པ་དང་། མཛེས་པའི་མ་འོངས་པར་རྒྱང་ལྟ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གཏམ་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཚོགས་ཆེན་ལ་འགོ་འཛད་བྱས་པར་མ་ཟད་ཤིས་ཚིག་ཕུལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་ཆེན་ལ་ཞུགས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཙོ་ཨན་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བས་གཏམ་བཤད།
ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ། མཚོ་སྔོན་ཚོགས་འདུར་ཞུགས་པར་ཡོང་བའི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་དང་འཇོན་མིའི་འཐུས་མི་ལ་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུས་པ་དང་། གཟེངས་བསྟོད་ཐོབ་པའི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་སྔོན་ཐོན་མི་སྣར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ལ། ཡུན་རིང་བོར་མཚོ་སྔོན་གྱི་བྱ་བ་སྣ་ཚོགས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་གི་ཁེ་ལས་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས། ཁོས་བསྟན་དོན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་ནི་ཏང་ཀྲུང་དབྱང་གིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་ཐབས་ཤེས་གལ་ཆེན་ཡིན་ལ། དེས་མར་ཁེ་སི་རིང་ལུགས་སྲིད་ཏང་གི་ངོ་བོའི་ཁྱད་ཆོས་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ངོ་བོའི་རེ་བ་ལེགས་པར་མཚོན་པ་དང་། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལེགས་པར་མཚོན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་རིགས་ས་ཁུལ་ཚད་མཐོའི་མཐོང་ཆེན་དང་ནུབ་རྒྱུད་ཀྱི་དབུལ་ཕོངས་མང་ཚོགས་ལ་གཟིགས་སྐྱོང་ཐུགས་ཁུར་གནང་བ་ལེགས་པར་མཚོན། དེ་ནི་རང་རྒྱལ་གྱི་ཆབ་སྲིད་ཁྱད་སྟོབས་དང་ལམ་ལུགས་ཁྱད་སྟོབས་ལེགས་པར་མཚོན་ཐབས་ཤིག་ཡིན་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་པའི་མཐོ་རིམ་ཇུས་བཀོད་ཡིན་ལ། དར་རྒྱས་ཆེ་བའི་ས་ཁུལ་དང་དར་རྒྱས་མིན་པའི་ས་ཁུལ་གྱི་འཕེལ་རྒྱས་ལ་གཅིག་འདོམས་བཀོད་སྒྲིག་བྱེད་པའི་ཀྲུང་གོའི་ཇུས་གཞི་ཡིན་པ་དང་། བོད་འབྲེལ་ས་ཁུལ་གཙོ་བོའི་ཡུན་སྐྱོང་གཏན་བདེ་མངོན་འགྱུར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་ཟེར།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ལོ་བཅུའི་ནང་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་མེས་རྒྱལ་ཁྱིམ་གཞི་ཆེན་མོའི་དྲོད་ཁོལ་ཟབ་མོར་ཚོར་བྱུང་། ཏང་ཀྲུང་དབྱང་གི་གཟིགས་སྐྱོང་ཐུགས་ཁུར་འོག་ཏུ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བས་དབུལ་ཐར་མཁྲེགས་གཏོར་དང་དམངས་ཚིས་ལེགས་བཅོས། འཇོན་མིའི་རྒྱབ་རྟེན། ཐོན་ལས་མཉམ་ལས། སྐྱེ་ཁམས་འཛུགས་སྐྲུན་བཅས་ལ་དམིགས་ནས་གནད་འཁེལ་ཤུགས་འདོན་བྱས་པར་ངོམ་ཆོག་པའི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། མཉམ་འཛུགས་ཀྱིས་འཕེལ་རྒྱས་སྔར་ལས་མཛེས་པར་བྱས་ཡོད་དེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་གི་ཁེ་ལས་བཅས་ཀྱིས་མ་དངུལ་ངོ་མ་བཏང་བ་དང་ལྷག་བསམ་རྣལ་མ་བཀོལ་ཞིང་། ལས་ཀ་དངོས་མ་བསྒྲུབས་ཏེ། ཐོན་ལས་ལ་སྐུལ་ཁྲིད་དང་ལས་ཞུགས་གསར་གཏོད། འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱས། མཉམ་སྐྱོང་གིས་མི་རིགས་སྔར་ལས་མཐུན་པར་བྱས་ཡོད་དེ། མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་དམིགས་ནས། རོགས་སྐྱོར་བྱེད་པ་དང་རོགས་སྐྱོར་ཐོབ་པའི་ཕྱོགས་གཉི་གས་ཕན་ཚུན་བར་སེམས་ཀྱི་ཟམ་པ་བཙུགས་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ཅན་གྱི་འདུ་ཤེས་བརྟན་པོར་བཙུགས། མཉམ་སྤྱོད་ཀྱིས་འཚོ་བ་སྔར་ལས་སྐྱིད་པར་བྱས་ཡོད་དེ། དམངས་ཕན་ལས་གཞི་འབོར་ཆེན་ལག་བསྟར་བྱས་པ་ལས། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་སློབ་གསོ་དང་བདེ་ཐང་གི་ཁེ་ཕན་སྔར་ལས་མང་པོ་མྱངས་པ་དང་། ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་མ་ཆད་པར་ཇེ་ཆེར་སོང་། མཉམ་རྒྱལ་གྱིས་མཉམ་ལས་སྔར་ལས་བརྟན་པར་བྱས་ཡོད་དེ། འགྲོ་འོང་བརྗེ་རེས་ལ་ཤུགས་བསྣན་པ་དང་། འཐབ་ཇུས་མཉམ་ལས་ཀྱི་གྲོས་ཆོད་བཀོད་ནས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དེ་ཕྱོགས་གཅིག་གི་རོགས་སྐྱོར་ནས་ཕྱོགས་གཉིས་ཀྱི་མཉམ་ལས་སུ་ལེགས་པར་བསྒྱུར་ཟེར།
ཝང་ཅན་ཅུན་གྱིས་བསྟན་དོན། མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ལོ་བཅུ་ནི་གཞུང་དྲང་སྤྱོད་གཙང་ཁག་ཁུར་གྱི་ལས་བྱེད་འཇོན་མི་སྐྱེད་སྲིང་གི་གསོན་ཉམས་ལྡན་པའི་ལག་ལེན་རེད། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོན་མིས་ས་མཐོའི་གྲང་ངར་དང་རྫ་དུག་གི་དཀའ་བ་སེལ་བ་དང་། ཁེར་རྐྱང་སུན་སྣང་གི་ཉམས་སད་ཐེག་ནས། བློ་སེམས་རྩེ་གཅིག་གིས་མཚོ་སྔོན་ལ་དགའ་ཞེན་བཅངས་པ་དང་། མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འབུལ་བའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་ཞུགས་ཡོད། དཀའ་སྤྱད་ཀྱི་ངོས་ཐད་ནས་ལོ་བཅུ་ལ་ཕྱིར་ལྟ་བྱས་ཚེ། དཀའ་ཚེགས་ཆེ་རུང་དཀའ་སྡུག་མྱོང་བར་མི་སྐྲག་པའི་གོམས་སྦྱོང་དེ་ནི་རིན་ཐང་ལྡན་པ་ཞིག་ཡིན་པ་དང་། སྙིང་སྟོབས་ཀྱི་མཐོ་ཚད་ནས་ལོ་བཅུ་ལ་ཕྱིར་ལྟ་བྱས་ཚེ། དབྱང་དབུགས་ཆད་ཀྱང་སྙིང་སྟོབས་མི་ཆད་པའི་བློ་སྦྱོང་དེ་ནི་ཡོངས་སུ་རྫོགས་པ་ཞིག་ཡིན་ལ། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་སྒུལ་ཤུགས་ཐད་ནས་ལོ་བཅུ་ལ་ཕྱིར་ལྟ་བྱས་ཚེ། ཁྱིམ་ཆུང་བ་སྤངས་ནས་ཁྱིམ་ཆེན་པོ་གཉེར་བའི་སྦྱོང་བརྡར་ནི་ཕུན་སུམ་ཚོགས་པ་ཞིག་ཡིན་ཞིང་། མཚོ་སྔོན་རོགས་སྐྱོར་གྱི་རྡོ་རིང་གི་ཐད་ནས་ལོ་བཅུ་ལ་ཕྱིར་ལྟ་བྱས་ཚེ། དཀའ་གནད་སེལ་ཞིང་དངོས་དོན་བསྒྲུབས་པའི་ཞུན་བརྡར་ནི་བརྗེད་པར་དཀའ་བ་ཞིག་ཡིན་པས། ལོ་རྒྱུས་དང་ལག་ལེན། མི་དམངས་བཅས་ཀྱི་ཉམས་སད་ཐེག་པའི་བྱ་གཞག་བཟང་པོ་བསྐྲུན་ཡོད་ཟེར།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ལོ་བཅུའི་ནང་མཚོ་སྔོན་གྱིས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཡོད། ལོ་བཅུའི་མཚོ་སྔོན་རོགས་སྐྱོར་གྱིས་མཚོ་སྔོན་གསར་པའི་འཛུགས་སྐྲུན་ཐད་དངོས་པོའི་ལོངས་སྤྱོད་དང་བསམ་ལོངས་སྤྱོད་གྱ་ནོམ་པ་བསགས་ནས་རྨང་གཞི་བརྟན་པོ་བཏིངས་ཡོད། ལམ་ལུགས་ཀྱིས་ང་ཚོར་སྔར་ལས་གདིང་ཤུགས་ཡོད་པར་བྱས་ཡོད་དེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ལུགས་རིང་ལུགས་ཀྱི་ཁྱད་སྟོབས་དང་རྒྱལ་ཁབ་ཀྱི་ཁ་གཏད་རོགས་སྐྱོར་གྱི་འཐབ་ཇུས་ཆེན་པོ་ནི། ང་ཚོའི་གསར་སྤེལ་མདུན་སྐྱོད་ཀྱི་གདིང་ཤུགས་ཆེས་ཆེན་པོ་ཡིན། བྱས་པ་ཡིས་ང་ཚོར་སྔར་ལས་གྲུབ་འབྲས་ཡོད་པར་བྱས་ཡོད་དེ། མཚོ་སྔོན་ཁ་གཏད་རོགས་སྐྱོར་ནི་བྱས་པ་ཡོད་ཚད་མི་དམངས་ལ་གཟོས་པའི་གཏམ་རྒྱུད་ངོ་མ་ཡིན་པ་དང་། ང་ཚོའི་གསར་སྤེལ་མདུན་སྐྱོད་ཀྱི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། འཕེལ་རྒྱས་ཀྱིས་ང་ཚོར་སྔར་ལས་རྨང་གཞི་ཡོད་པར་བྱས་ཡོད་དེ། རོགས་སྐྱོར་བྱེད་པའི་ཕྱོགས་ཀྱིས་མཚོ་སྔོན་ལ་བསྐྲུན་པའི་ལོངས་སྤྱོད་རྩ་ཆེན་ནི་ང་ཚོའི་གསར་སྤེལ་མདུན་སྐྱོད་ཀྱི་བློས་ཐུབ་འགན་སྲུང་ཡིན། འབད་འཐབ་ཀྱིས་ང་ཚོར་སྔར་ལས་རེ་བ་ཡོད་པར་བྱས་ཡོད་དེ། འབད་འཐབ་ཀྱི་རྩལ་ལ་བྱང་ནས་མ་འོངས་ཀྱི་གདན་འདྲེན་དང་དུ་ལོན་པ་ནི་ང་ཚོའི་གསར་སྤེལ་མདུན་སྐྱོད་ཀྱི་རེ་བའི་འོད་སྣང་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བབ་བསྟུན་མདུན་སྐྱོད་དང་མཐུན་སྒྲིལ་ཡར་བརྩོན་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཁྲོད་དུ། སྔར་ལས་འོད་མདངས་འཚེར་བའི་མཚོ་སྔོན་གྱི་ལོ་རྒྱུས་འབྲི་དགོས་ཟེར།
ཞིན་ཁྲང་ཞིང་གིས་ཤིས་ཚིག་འབུལ་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་ཞུགས་པར་ཡོང་བའི་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ལས་བྱེད་འཇོན་མིའི་འཐུས་མི་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། མཚོ་སྔོན་རོགས་སྐྱོར་ལས་དོན་ཐད་བྱས་རྗེས་བཟང་པོ་བཞག་པའི་རྒྱ་ཆེའི་མཚོ་སྔོན་རོགས་སྐྱོར་ལས་བྱེད་འཇོན་མི་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས་ལ།ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་སྤྱི་ཚོགས་ཀྱི་སྡེ་སོ་སོར་བླ་ན་མེད་པའི་གུས་འདུད་ཞུས། ཁོས་བཤད་རྒྱུར། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ནི་ཏང་ཀྲུང་དབྱང་གིས་བཀོད་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེར་ཚད་མཐོའི་མཐོང་ཆེན་གནང་ནས་ཐེངས་མང་པོར་མཛུབ་སྟོན་གལ་ཆེན་གནང་ཡོད། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། རྒྱལ་ཁབ་ཀྱི་པུའུ་ཨུ་དང་ལས་ཁུངས་སོ་བཞི་དང་། ཀྲུང་དབྱང་གི་ཁེ་ལས་བཅུ་བདུན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་བཅས་ཀྱིས་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དེ་ཆབ་སྲིད་ཀྱི་ལས་འགན་དང་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས། སྔ་གཞུག་ཏུ་སྐོར་བཞི་བྱས་ཏེ་ཕུལ་བྱུང་ལས་བྱེད་འཇོན་མི་དགུ་བརྒྱ་དང་བཅོ་ལྔ་མཚོ་སྔོན་དུ་བྱ་བ་སྒྲུབ་པར་མངགས་ཏེ། སྲིད་ཇུས་དང་མ་དངུལ། ཐོན་ལས། རིག་སྟོབས་སོགས་ཐད་དུ་ཁྱོན་ཡོངས་དང་རིམ་པ་མང་པོ་ནས་རོགས་སྐྱོར་བྱ་བ་བསྒྲུབས་པ་ལས། ང་ཚོར་དུས་ཡུན་རིང་བོར་ཐག་གཅོད་བསམ་རུང་ཐག་གཅོད་མ་ཐུབ་པའི་གནད་དོན་མང་པོ་ཐག་གཅོད་རོགས་བྱས་པ་དང་། སྔོན་ཆད་བསྒྲུབ་བསམ་ཡང་བསྒྲུབས་ཐུབ་མེད་པའི་དོན་ཆེན་མང་པོ་བསྒྲུབས་ཏེ། མཚོ་སྔོན་གྱི་བོད་འབྲེལ་ཁུལ་དང་རྫོང་། ཐ་ན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་སྐྱོང་བདེ་འགོད་ཐད་བྱས་རྗེས་བཟང་པོ་བཞག་ཡོད། ལོ་བཅུའི་མཚོ་སྔོན་རོགས་སྐྱོར་གྱི་གསོན་ཉམས་ལྡན་པའི་ལག་ལེན་དང་གཡུར་དུ་ཟ་བའི་གྲུབ་འབྲས་ལས་ཏང་ཀྲུང་དབྱང་གིས་མཚོ་སྔོན་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་ནི་ཧ་ཅང་ཡང་དག་པ་ཡིན་པར་ར་སྤྲོད་གང་ལེགས་བྱས་ཡོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་པར་གསལ་བའི་ཁྱད་སྟོབས་ལེགས་པར་མཚོན་ཡོད་ལ། རོགས་སྐྱོར་བྱེད་པའི་ཕྱོགས་སོ་སོས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་བཅངས་པའི་བརྩེ་བ་ཟབ་མོ་ལེགས་པར་མཚོན་ཡོད། ང་ཚོས་ཐེངས་འདིའི་ཚོགས་འདུ་གོ་སྐབས་སུ་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། དྲིན་ཚོར་གྱི་འདུ་ཤེས་བཅངས་ནས། གོ་སྐབས་དཀོན་པོ་དམ་འཛིན་གྱིས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱེད་པ་དང་མཉམ་དུ། རོགས་སྐྱོར་བྱེད་པའི་ཕྱོགས་སོ་སོ་དང་དཔུང་གདང་མཉམ་གཤིབ་ཀྱིས་འབད་བརྩོན་དང་ལག་གདང་མཉམ་སྦྲེལ་གྱིས་མཉམ་སྐྱོད་བྱས་ཏེ། འབྲེལ་འདྲིས་ཇེ་དྲག་དང་རོགས་ལས་ཇེ་ཆེར་བཏང་སྟེ། ཁ་གཏད་རོགས་སྐྱོར་དབུལ་སྐྱོར་བྱ་བར་སྔར་ལས་བཀྲག་མདངས་འཚེར་བའི་འོད་སྣང་རྒྱས་པར་བྱེད་པ་དང་སྔར་ལས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཏུ་འཇུག་རྒྱུ་ཡིན་ཟེར།
ཝང་ཙོ་ཨན་གྱིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཀྲུང་དབྱང་བོད་ལྗོངས་བྱ་བའི་མཐུན་སྦྱོར་ཚན་ཆུང་གཞུང་སྒྲུབ་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ་ལོ་བཅུའི་རིང་བླངས་པའི་གྲུབ་འབྲས་ལ་ཁས་ལེན་བྱས།
ལོ་ཙཱ་བ། ཕྱུག་ལོ།