ཟླ་དགུ་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་མཚོ་སྔོན་གཡང་འཇོམས་སྨན་ལས་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཞིང་ཆེན་གསོ་རིག་སྨན་རྫས་ཞིབ་འཇུག་ཁང་དུ་སོང་ནས། མཚོ་སྔོན་ཧི་མ་ལ་ཡ་རི་དྭགས་ཚོད་ལྟ་ལྟེ་གནས་དང་བོད་སྨན་སྨན་གསར་གསར་སྤེལ་ཁེ་ལས་རྒྱལ་ཁབ་ཚོད་ལྟ་ཁང་འཛུགས་སྐྲུན་དང་ཚན་རིག་ཞིབ་འཇུག་བྱ་བ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། འགོ་མཛིན་བྱས་ནས་དམངས་ཆེན་འཐུས་མིའི་གྲོས་གཞི་སྒྲུབ་པའི་གནས་ཚུལ་གྱི་ཐུག་འཕྲད་ཚོགས་འདུ་བསྡུས་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་དགོངས་པ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོན་པོས་དམངས་ཆེན་འཐུས་མིའི་གྲོས་གཞི་བཟང་བོར་བསྒྲུབ་སྟེ། ཆུ་ཚད་མཐོན་པོས་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་འཛུགས་སྐྲུན་བྱེད་དགོས་ཟེར།
ཞིན་ཁྲང་ཞིང་གིས་བསྟན་དོན། དམངས་ཆེན་འཐུས་མིའི་གྲོས་གཞི་བསྒྲུབ་པའི་བྱ་བ་བཟང་བོར་སྒྲུབ་པ་ནི། སྲིད་གཞུང་གི་ཁྲིམས་བཀོད་འགན་འཁྲི་དང་། དམངས་ཆེན་འཐུས་མིས་ཁྲིམས་ལྟར་འགན་ནུས་སྒྲུབ་པའི་མཚོན་བྱེད་གལ་ཆེན་ཡིན་ལ། རང་རྟོགས་སྒོས་དམངས་ཆེན་གྱི་ལྟ་སྐུལ་དང་ལེན་བྱེད་པའི་འོས་འགན་ཡིན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཁྲིམས་བཀོད་འགན་འཁྲི་ལག་བསྟར་བྱེད་པ། བརྗེ་རེས་འབྲེལ་འདྲིས་ལ་ཤུགས་སྣོན་པ། གྲོས་གཞི་སྒྲུབ་པའི་སྤུས་ཚད་མཐོར་འདེགས་གཏོང་བ། ཧུར་ཐག་གིས་རིན་ཐང་ལྡན་པ་དང་སྤུས་ཚད་མཐོ་བའི་གྲོས་གཞི་དེ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་དཀའ་གནད་ཐག་གཅོད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་སུ་བསྒྱུར་བ། གྲོས་གཞི་བསྒྲུབ་པའི་བརྒྱུད་རིམ་དེ་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་གོ་རིམ་དུ་བསྒྱུར་ནས། གྲོས་གཞི་བཟང་བོར་བསྒྲུབ་པ་དང་། འཐུས་མི་ཡིད་ཚིམ་པ་དང་མང་ཚོགས་ལ་ཕན་འདོགས་དགོས་ཟེར།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། དམངས་ཆེན་འཐུས་མིས་བཏོན་པའི་ཐོན་ཁུངས་མཉམ་བསྲེས་བྱེད་པ་དང་སྒྲིག་གཞི་ལེགས་བསྒྱུར་བྱས་ནས་བོད་སྨན་སྨན་གསར་གསར་སྤེལ་རྒྱལ་ཁབ་ཚོད་ལྟ་ཁང་དེ་རྒྱལ་སྤྱིའི་སྟེང་ཤན་ཤུགས་ངེས་ཅན་ལྡན་པའི་གསར་གཏོད་གྱི་མཐོ་ས་རུ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་གྲོས་གཞི་དེ་གནས་ཚུལ་དངོས་དང་མཐུན་པ་དང་། ཁ་གཏད་རང་བཞིན་དང་ལག་བསྟར་རང་བཞིན་ཆེན་པོ་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་པའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁ་ཕྱོགས་པ་བཞི་རྒྱུན་འཁྱོངས་བྱེད་པ། དགོས་མཁོའི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོ་ཡིན་པ་རྒྱུན་འཁྱོངས་བྱེད་པ། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་ཁེལ་གསལ་བོ་བྱེད་པ། སྒྲིག་གཞི་རྐྱེན་སྲོལ་གསར་གཏོད་བྱེད་པ། ཚན་རྩལ་གྲུབ་འབྲས་བསྒྱུར་བར་དོ་སྣང་བྱེད་པ། ནང་སྐྱེས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ། ཤེས་ལྡན་མི་སྣ་གཅིག་ཏུ་བསྡུ་བ། ཧུར་ཐག་གིས་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་གཙོ་བོ་དེ་རྒྱལ་ཡོངས་བོད་ལུགས་གསོ་རིག་དང་སྨན་རྫས་བེད་སྤྱོད་རྨང་གཞི་ཞིབ་འཇུག་དང་ཕུལ་དུ་བྱུང་བའི་ཚན་རྩལ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། ཚན་རྩལ་བརྗེ་རེས་སྤེལ་བའི་རྟེན་གཞི་གལ་ཆེན་དུ་འཛུགས་སྐྲུན་བྱེད་པ། བོད་ལུགས་གསོ་རིག་སྨན་རྫས་ཀྱི་གནད་འགག་ལག་རྩལ་འཕེལ་རྒྱས་སུ་གཏོང་བ་དང་ལག་རྩལ་སྣེ་ཁྲིད་ནུས་པ་ཇེ་དྲག་ཏུ་གཏོང་བ། ཐོན་སློབ་ཞིབ་འཇུག་བེད་སྤྱོད་ཟུང་འབྲེལ་བྱེད་པའི་སྟེགས་བུ་གལ་ཆེན་དུ་འཕེལ་རྒྱས་སུ་བཏང་སྟེ། བོད་ལུགས་གསོ་རིག་སྨན་བཅོས་རྒྱུན་འཛིན་གསར་གཏོད་ལ་སྣེ་ཁྲིད་བྱེད་པའི་སྣེ་ཁྲིད་པ་བྱེད་དགོས་ཟེར།
ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས་པར་མ་ཟད་ཐུག་འཕྲད་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཚན་རྩལ་ཐིན་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གྲོས་གཞི་སྒྲུབ་པའི་གནས་ཚུལ་ཡར་ཞུ་བྱས་པ་དང་། དམངས་ཆེན་འཐུས་མིས་གྲོས་གཞི་སྒྲུབ་པའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་ཡིད་ཚིམ་པའི་ཚུལ་བསྟན།
ལོ་ཙཱ་བ། རིན་ཆེན་མཚོ།