ཟླ་དགུ་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འགོ་མཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཆན་བཀོད་མཛུབ་སྟོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་བྱ་བར་ཞིབ་འཇུག་བྱས།
ཚོགས་ཐོག་ནས་རྒྱལ་ཡོངས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལ་འགོག་རྒོལ་གྱི་གཟེངས་བསྟོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟེངས་བསྟོད་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་རིམས་འགོག་འཐབ་རྩོད་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ལ་གདེང་འཇོག་མཐོན་པོ་བྱས་པ་དང་། ཚེ་སྲོག་གཙོར་འཛིན་པ་དང་རྒྱལ་ཡོངས་སེམས་གཅིག རང་སྲོག་ཤོར་བར་མི་འཛེམ་པ། ཚན་རིག་ལ་བརྩི་བཀུར་དང་ཚེ་སྲོག་བདེ་སྡུག་མཉམ་མྱོང་གི་རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་རགས་བསྡུས་བྱས་ཡོད་ལ། རིམས་འགོག་འཐབ་རྩོད་ཐད་ནས་བླངས་པའི་ལག་ལེན་ཉམས་མྱོང་དང་སྐུལ་སློང་གལ་ཆེན་འགྲེལ་བཤད་གསལ་བོ་བྱས་པ་དང་། ལོ་རྒྱུས་ཀྱི་འདྲེས་མཚམས་སུ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་རྣམ་པ་གསར་བ་བསྐྲུན་པའི་བྱ་བའི་རེ་བ་གསལ་བོ་བཏོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྟོབས་ཤུགས་དང་ཀྲུང་ཧྭ་རིག་གནས་ཀྱི་རྫོང་སྟུག་པོར་རྒྱུས་ལོན་གཏིང་ཟབ་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དགེ་མཚན་ལ་རྒྱུས་ལོན་གསལ་བོ་བྱེད་པ། ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་སྟོབས་ཤུགས། ཀྲུང་གོའི་ཁག་ཁུར་གྱི་གོ་དོན་ངོ་བོར་ཁྱོན་ཡོངས་ནས་ངོས་འཛིན་བྱས་ཏེ། རྒྱུན་ལྡན་ཅན་གྱི་རིམས་འགོག་བྱ་བ་དམ་འཛིན་བྱེད་དགོས་ཟེར།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དགོངས་དོན་གྱི་ངོ་བོར་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་གྱི་གནས་ཚུལ་གྱི་ཟུང་འབྲེལ་གནས་དང་བྱ་བའི་འགོ་འཛུགས་ས། ལག་བསྟར་གྱི་ཤུགས་འདོན་ས་ཡང་དག་བཙལ་ནས། ཚད་གཞི་ལྟར་བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས། ལོ་ལྔའི་འཆར་གཞི་བཅུ་བཞི་བ་སྒྲིག་བཟོ་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་། སྒོ་ཕྱེས་ནས་བློ་འདྲི་བ་དང་བློ་བསྡུས་དགེ་མཚོལ་བྱེད་པ། ཆེད་མཁས་པའི་བློ་འདྲི་གྲོས་ཚོགས་ཀྱི་གྲུབ་འབྲས་བསྡུ་ལེན་གང་ལེགས་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པར་དམིགས་ནས། མཚོ་སྔོན་གྱི་མ་འོངས་པའི་འཕེལ་རྒྱས་ཀྱི་འཆར་གཞི་ལ་འཆར་འགོད་བྱེད་དགོས་ཟེར།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དེང་རབས་འཁོར་རྒྱུག་མ་ལག་འཛུགས་སྐྲུན་བྱེད་རྒྱུ་དེ་འཐབ་ཇུས་ལས་འགན་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་། རང་ཞིང་གི་གནས་ཚུལ་དངོས་ལ་རྐང་འཛུགས་པ་དང་། ལས་གཞི་འཆར་འགོད་བྱེད་པ། རྒྱབ་སྐྱོར་བརྩོན་ལེན་བྱས་ནས། རང་ཞིང་གི་འཁོར་རྒྱུག་མ་ལག་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཆུ་ཚད་མཐོར་འདེགས་གཏོང་དགོས། དཔལ་འབྱོར་འཁོར་རྒྱུག་ཚོད་འཛིན་ལ་ཤུགས་སྣོན་པ་དང་། ཕན་འབྲས་ལ་དོ་སྣང་བྱེད་པ། ཆབ་སྲིད་གླེང་བའི་མཐོ་ཚད་ནས་ལག་བསྟར་དམ་འཛིན་བྱེད་པ་དང་། ཡིད་ཚིམ་པའི་རྒྱུགས་ལན་སྤྲོད་དགོས་ཟེར།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་པའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱས་ནས་ཤུགས་ཡོད་འདེགས་སྐྱོར་འདོན་སྤྲོད་བྱེད་པའི་མཐོ་ཚད་དུ་འགྲེང་ནས་ཚན་རྩལ་གསར་གཏོད་ཀྱི་བྱ་བར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་ཚན་རྩལ་གསར་གཏོད་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། ཚན་རྩལ་གསར་གཏོད་སྐྱེ་ཁམས་ཇེ་ལེགས་སུ་བཏང་སྟེ། གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་ཆེར་སྐྱེད་དགོས། གོ་སྐབས་དམ་འཛིན་བྱེད་པ་དང་། རྒྱལ་ཁབ་ཚོད་ལྟ་ཁང་དང་རྒྱལ་ཁབ་་ཚོད་ལྟ་ཁང་གཙོ་བོའི་སྙན་ཞུ་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབ་པ་དང་མཚོ་བོད་ཀྱི་ཐེངས་གཉིས་པའི་ཚན་རིག་ཞིབ་དཔྱད་གྲུབ་འབྲས་བསྒྱུར་བ་དང་བཀོལ་སྤྱོད་ལ་དོ་སྣང་བྱེད་པ། ཚན་རིག་ཆེན་པོའི་གྲུབ་ཚུལ་བརྩོན་ལེན་བྱས་ཏེ། གསར་གཏོད་ལ་སྣེ་ཁྲིད་བྱེད་པ་དང་མཚོ་སྔོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་རྨང་གཞི་བརྟན་པོ་འདིང་དགོས་ཟེར།
ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས། བཅོས་བསྒྱུར་བྱ་བ་གལ་ཆེན་ལག་བསྟར་བྱེད་པར་དམ་འཛིན་བྱེད་པ་དང་། གློད་སྡོམ་ཞབས་གསུམ་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ཁེ་ལས་དང་མང་ཚོགས་ཀྱི་ལས་གཉེར་ལས་སྐྲུན་ཁོར་ཡུག་ལེགས་བསྒྱུར་བྱེད་པ། གཡོ་འགུལ་སྤུ་ཙམ་མི་བྱེད་པ་གཉིས་རྒྱུན་འཁྱོངས་བྱས་ནས། རྒྱལ་དབང་ཁེ་ལས་དང་དམངས་གཉེར་ཁེ་ལས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན།
ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
ཏང་ཙུའུ་ཁོངས་མི་ཝང་ལིས་མེན་དང་ཀྲང་ལིས། ལིའུ་ཐོ། དབྱང་ཀྲི་ཝུན། ཀྲང་ཧོང་ཡོན་བཅས་གྲོས་ཚོགས་ལ་ཞུགས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཟུར་ཞུགས་བྱས།
ལོ་ཙཱ་བ། རིན་ཆེན་མཚོ།