མཚོ་སྔོན་ཞིང་ཆེན་ཏང་ཨུའི་བོད་འབྲེལ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2020.09.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བོད་འབྲེལ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུའུ་ཞི་ཝང་དབྱང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་གཞི་ལག་བསྟར་གཏིང་ཟབ་བྱས་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་སྤྱི་སྡོམ་བྱས། མིག་སྔའི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ནས། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་བྱ་བའི་རྣམ་པ་གསར་བ་བསྐྲུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འགོ་མཛིན་བྱས་ནས་དུས་རིམ་དང་པོའི་གྲོས་ཚོགས་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྲོས་ཚོགས་ལ་ཞུགས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་ཀྱིས་ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་བརྒྱུད་སྒྲོག་བྱས་པར་མ་ཟད་སྤྱི་སྡོམ་གཏམ་བཤད་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་ཀྲུའུ་ཞི་ཝང་དབྱང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཏང་ཙུའུ་ཧྲུའུ་ཅི་ཀྲང་ཀོང་རོང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་སོ་སོ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བཅས་གྲོས་ཚོགས་ལ་ཞུགས།

ཝང་ཅན་ཅུན་གྱིས་བསྟན་དོན། ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་གོང་འོག་ཡོངས་ཀྱིས་མཐུན་སྒྲིལ་གཅིག་སེམས་དང་དཀའ་ངལ་ཁྱད་སེལ་བྱས་པས། བོད་འབྲེལ་ཁུལ་དང་རྫོང་གི་དཔལ་འབྱོར་འཕེལ་རྒྱས་དང་མཁར་གྲོང་གི་རྣམ་པ། སྐྱེ་ཁམས་སྲུང་སྐྱོབ། དམངས་ཚིས་ལེགས་བསྒྱུར། ས་གནས་བཅོས་སྐྱོང་། ཏང་གི་འཛུགས་སྐྲུན་སོགས་ལས་དོན་སྣ་ཚོགས་ཐད་ནས་ཁྱོན་ཡོངས་ཀྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས། ལག་ལེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་སྐྱོང་བོད་བརྟན་བོད་དར་གྱི་དགོངས་དོན་གལ་ཆེན་ཧ་ཅང་ཡང་དག་པ་དང་། ཏང་ཀྲུང་དབྱང་གིས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་བྱ་བར་གཅིག་གྱུར་བཀོད་སྒྲིག་བྱས་པ་ཧ་ཅང་ཡང་དག་ལ། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་ཆོད་ཧ་ཅང་ཡང་དག་པ་ར་སྤྲོད་གང་ལེགས་བྱས་ཡོད་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་བོད་འབྲེལ་བྱ་བའི་གྲུབ་འབྲས་ཉམས་མྱོང་ལ་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས་པ་དང་། བོད་འབྲེལ་བྱ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཁོང་དུ་ཆུད་པར་བྱས་ལ། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་ཆོད་འགྲེལ་བཤད་ཆ་ཚང་བ་བྱས་ཡོད་པ་དང་། ཁ་ཕྱོགས་རང་བཞིན་དང་སྤྱི་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་གྱི་གནད་དོན་སྐོར་ཞིག་ལ་ལན་གསལ་བོ་བཏབ་ཡོད་ལ། ཏང་སྐྱོང་བོད་བརྟན་བོད་དར་གྱི་གནས་བབ་གསར་བ་བཏོད་ལ། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་སྣང་འཚེར་བའི་རྩ་གནད་རང་བཞིན་གྱི་ཡིག་ཚགས་དང་། དུས་རབས་གསར་བའི་བོད་འབྲེལ་བྱ་བ་བཟང་བོར་བསྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཕྱོགས་སྟོན་ཡིན། བསམ་བློ་་གསར་བ་སློབ་སྦྱོང་དང་ཇུས་ཆོད་གསར་བར་རྒྱུས་ལོན་བྱེད་པ། དམིགས་འབེན་གསར་བ་དམ་དུ་དམིགས་པ། གནས་བབ་གསར་བར་རྒྱུས་ལོན་གཏིང་ཟབ་བྱེད་པ། ལས་འགན་གསར་བ་ལག་བསྟར་བྱེད་པ། རེ་བ་གསར་བ་དོན་འཁྱོལ་བྱས་ཏེ། སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་ཀྱི་རྒྱུགས་ལན་བཟང་བོ་སྤྲོད་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ་དང་། ཞིང་སྡེ་དར་སྤེལ་དང་སྦྲེལ་མཐུད་བྱེད་པ། མཐོ་སྒང་གི་མཛེས་སྡུག་གྲོང་གསེབ་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། ཁྱད་ལྡན་དགེ་མཚན་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་ཤུགས་སྣོན་པ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་གཞི་བཅུ་བཞི་བ་གཏན་འབེབས་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་མཐོར་འདེགས་གཏོང་དགོས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་ལྕགས་རིའི་མཐོ་ས་གསར་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་མཐོ་ས། མི་དང་རང་བྱུང་གི་ཚེ་སྲོག་ཐུན་མོང་ཚོགས་པའི་མཐོ་ས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་གཏོད་ཀྱི་མཐོ་ས། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་ཐང་གི་ཕྱོགས་བསྡུས་བཅོས་སྐྱོང་གི་མཐོ་ས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་མཐོ་ས་འཛུགས་སྐྲུན་བྱས་ཏེ། མཚོ་བོད་མཐོ་སྒང་དེ་རྒྱལ་ཡོངས་དང་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་འཛུགས་སྐྲུན་བྱེད་ཆེད་མཚོ་སྔོན་གྱི་ཁག་ཁུར་དང་མཚོ་སྔོན་གྱི་རིག་སྟོབས། མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས་ཟེར།

ཝང་ཅན་ཅུན་གྱིས། ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་གོ་གནས་གལ་ཆེན་དུ་འཇོག་པ་དང་། ཡོད་ཚད་མི་དམངས་བསམ་པའི་བོད་འབྲེལ་བྱ་བའི་ཆེས་མཐོ་བའི་ཚད་གཞི་རུ་བརྩིས་ནས། ལངས་ཕྱོགས་བརྟན་པོས་ཏང་གི་བོད་འབྲེལ་བྱ་བའི་ཐད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་དང་ཏང་ཡོན་སློབ་གསོའི་དོ་དམ་ལྟ་སྐུལ། བོད་འབྲེལ་ཁུལ་དང་རྫོང་གི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བོད་འབྲེལ་ཁུལ་དང་རྫོང་གི་ལས་བྱེད་པར་ཐུགས་ཁུར་བྱེད་དགོས། མཚོ་བོད་མཐོ་སྒང་གི་ངེས་པར་དུ་ལྔའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། མཚོ་སྔོན་གསར་བའི་སྙིང་སྟོབས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་རྒྱ་སྐྱེད་དེ། མཚོ་སྔོན་ཞིང་ཆེན་གྱི་བོད་འབྲེལ་ཁུལ་དང་རྫོང་གི་ཡུན་སྐྱོང་བདེ་འགོད་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

ཞིན་ཁྲང་ཞིང་གིས་བསྟན་དོན། ཞིང་ཆེན་ཏང་ཨུའི་བོད་འབྲེལ་བྱ་བའི་གྲོས་ཚོགས་ཀྱིས་ང་ཚོས་ཀྲུང་དབྱང་གི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱེད་པ་དང་། གྲོས་ཚོགས་ཀྱི་གྲུབ་འབྲས་བསྒྱུར་བ། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། འབད་འཐབ་དམིགས་འབེན་གཅིག་ཏུ་བསྡུས་པའི་ཐད་ཤུགས་ཡོད་གནད་ཕིགས་ཀྱི་མཛུབ་ཁྲིད་འདོན་སྤྲོད་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་དུས་རབས་གསར་བའི་བོད་འབྲེལ་བྱ་བ་བཟང་བོར་བསྒྲུབ་པའི་སྐུལ་སློང་བཀའ་རྒྱ་བཏང་བ་དང་། ལག་བསྟར་པར་རིས་དང་འགུལ་སྐྱོད་ཇུས་གཞི་འདོན་སྤྲོད་བྱས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གི་བོད་འབྲེལ་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། ཞིང་ཆེན་ཏང་ཨུའི་རེ་བ་ལྟར། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། སྟོབས་ཤུགས་ཡོད་རྒུས་ལས་འགན་སྣ་ཚོགས་ལག་བསྟར་བཟང་བོ་བྱས་ནས། དུས་རབས་གསར་བའི་རང་ཞིང་གི་བོད་འབྲེལ་ཁུལ་དང་རྫོང་གི་ཡུན་སྐྱོང་བདེ་འགོད་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་དགོངས་དོན་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གིས་བསམ་བློ་དང་འགུལ་སྐྱོད་ལ་གཅིག་གྱུར་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། སྤྱི་ཡོངས་ཀྱི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། ཡུན་སྐྱོང་བདེ་འགོད་དང་འབྲེལ་བ་ཡོད་པའི་གནད་དོན་སྟེང་བྱ་བ་བཟང་བོར་བསྒྲུབ་དགོས། མཚོ་སྔོན་གྱི་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་ཞིབ་འཇུག་བྱེད་པ་དང་། དྲིལ་སྒྲོག་སྣེ་ཁྲིད་བཟང་བོ་བྱེད་པ། འདྲེན་བྱེད་སྟེགས་བུ་འཛུགས་པ། གནད་འགག་ཁོང་དུ་ཆུད་པར་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སྟེང་དགེ་མཚན་མངོན་པར་བྱེད་པ་དང་བདེན་འཛིན་གསར་གཏོད་བྱེད་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཁྲིམས་སྲོལ་ལྟར་དོ་དམ་བཟང་བོ་བྱེད་པ་དང་ཆོས་ཀྱི་སྙིང་པོ་དང་ཆོས་ཁྲིམས་ལ་འགྲེལ་བཤད་བྱེད་པའི་སྟེང་ཁ་ཕྱོགས་རྒྱུན་འཛིན་དང་སྲིད་ཇུས་གནད་ལ་འཁེལ་བ་སྤྱད་དེ། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པར་སྣེ་ཁྲིད་བྱེད་དགོས། ཀྲུང་དབྱང་གི་དམིགས་བསལ་སྲིད་ཇུས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཧུར་ཐག་གིས་ཁྱད་ལྡན་དགེ་མཚན་ཐོན་ལས་སྐྱེད་སྲིང་བྱས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྟེང་སྤུས་ཚད་མཐོན་པོ་འབུར་དུ་ཐོན་པར་བྱེད་པ་དང་བྱང་ཚད་མཐོན་པོ་མངོན་པར་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བ་དང་འཚོ་བ་ལེགས་བསྒྱུར་གཏོང་བ། སྐྱེ་ཁམས་བཟང་བའི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་བུ་རུ་ཞུགས་ཏེ། སྐྱེ་ཁམས་སྲུང་སྐྱོབ་སྟེང་གྲུབ་འབྲས་གསར་བ་ལེན་དགོས་ཟེར།

ལིས་ཅེ་ཞང་གིས་བསྟན་དོན། སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ལ་ཤུགས་སྣོན་པ་དང་། འཆར་འགོད་ཀྱི་སྣེ་ཁྲིད་ནུས་པ་ཇེ་དྲག་ཏུ་གཏོང་བ། ཀྲུང་དབྱང་གི་སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། བོད་འབྲེལ་ལས་གཞི་ལག་བསྟར་བྱེད་པར་དམ་འཛིན་བྱས་ནས། རང་ཞིང་གིས་ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས། མཚོ་ལྷོ་ཁུལ་དང་ཡུས་ཧྲུའུ་ཁུལ། མགོ་ལོག་ཁུལ་གྱི་འགོ་ཁྲིད་བློ་མཐུན་གཙོ་བོས་བརྗེ་རེས་གཏམ་བཤད་བྱས། ཚོགས་ཞུགས་མི་སྣས་ཚན་ཆུང་བགོས་ནས་གྲོས་སྡུར་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།