ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ་དང་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།
2020.09.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་དགུ་བའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན། རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཤིང་། རང་ཞིང་གིས་ལག་བསྟར་དང་དངོས་འབེབས་བྱེད་པའི་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་དང་། འབྲེལ་ཡོད་བྱ་བའི་ཡར་ཞུ་ལ་ཉན་ཞིང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་ལ་གཟིགས་ཞིབ་གནང་བ་དང་གཞི་རིམ་འཐུས་མི་དང་བཞུགས་མོལ་བྱས་པ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་དོན་ལྔ་ལོན་པར་དྲན་གསོ་ཞུ་བའི་མཐོ་རིམ་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན། ཀྲུང་གོ་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པའི་ཚོགས་མིའི་ཚོགས་ཆེན་ཐེངས་དྲུག་པར་བསྐུར་བའི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་བ་དང་ཞིང་གསུམ་འཐབ་ཕྱོགས་ཀྱི་བློ་མཐུན་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་འཚམས་འདྲི་ཞུས་པའི་སྙིང་སྟོབས་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་བའི་དམངས་གཉེར་དཔལ་འབྱོར་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུའུ་ཞི་ཝང་དབྱང་གིས་རྒྱལ་ཡོངས་དམངས་གཉེར་དཔལ་འབྱོར་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དམངས་གཉེར་དཔལ་འབྱོར་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཧ་ཅང་མཐོང་ཆེན་གནང་བ་དང་དམངས་གཉེར་ཁེ་ལས་པར་སེམས་ཁུར་དང་རྒྱབ་སྐྱོར་བྱས་པ་གང་ལེགས་སྒོས་མཚོན་པར་བྱས་ཡོད། གཡོ་འགུལ་གཏན་ནས་མེད་པ་གཉིས་དང་བདེ་ཐང་གཉིས་ཀྱི་རེ་བ་གལ་ཆེན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་མི་སྣས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་རང་ཞིང་གིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་བརྗོད་དོན་གཙོ་བོ་ཡིན་པའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་སྐོར་གྱི་བསམ་འཆར་ལག་བསྟར་དང་དངོས་འབེབས་བྱེད་པའི་བྱེད་ཐབས་འགའ་ལ་གྲོས་ཞིབ་བྱས་པ་དང་། དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

ལོ་ཙཱ་བ། བཀྲ་ཤིས་འབུམ།