ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ལ་རྟོག་ཞིབ་བྱས།
2020.10.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བཅུ་བའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དུ་རྟོག་ཞིབ་བྱས་པར་མ་ཟད་འགོ་མཛིན་བྱས་ནས་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འབྲེལ་ཡོད་འཆར་འགོད་སྒྲིག་བཟོ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འབྲེལ་ཡོད་འཆར་འགོད་སྒྲིག་བཟོ་བྱེད་པ། རྒྱལ་ནང་འཁོར་རྒྱུག་ཆེན་མོ་གཙོ་གཞི་རུ་བྱེད་པ་དང་རྒྱལ་ནང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་སྔ་གཞུག་ཏུ་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་འཆར་འགོད་ཁྲུའུ་དང་གཏན་འཇགས་རྒྱུ་ནོར་དངུལ་གཏོང་ཁྲུའུ་རུ་སོང་ནས་ལས་བྱེད་པར་འཚམས་འདྲི་བྱས་པ་དང་། ཚང་མས་འབད་འཐབ་ལྷོད་མེད་བྱས་པར་བཀའ་དྲིན་ཞུས། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འབྲེལ་ཡོད་འཆར་འགོད་སྒྲིག་བཟོ་གནས་ཚུལ་ལ་ཉན་རྗེས། ཞིན་ཁྲང་ཞིང་གིས་བཤད་རྒྱུར། འཕེལ་རྒྱས་བཅོས་བསྒྱུར་སྡེ་ཁག་གིས་འཆར་གཞི་འགོད་པ་དང་བཀོལ་སྤྱོད་བཀོད་གཏོང་། ཕྱོགས་བསྡུས་མཐུན་སྦྱོར་སོགས་ཀྱི་ལས་འགན་ཕྲག་ཏུ་ཁུར་ཡོད་པ་དང་། ཞིང་ཆེན་སྲིད་གཞུང་གི་འགན་ནུས་སྡེ་ཁག་གལ་ཆེན་ཡིན་ལ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ལ། ལྷག་པར་དུ་ད་ལོའི་ཚུན་དུ། རིམས་ནད་ཀྱི་གནོད་པར་ཁ་གཏད་དེ། འཕེལ་རྒྱས་བཅོས་བསྒྱུར་སྡེ་ཁག་གིས་ཏང་ཀྲུང་དབྱང་གི་རིམས་ནད་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཇུས་ཆོད་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་འགན་སྲུང་དྲུག་དམ་འཛིན་དང་འགན་སྲུང་དྲུག་འགན་སྲུང་བྱས་ནས། ལས་ཐོན་སླར་གསོ་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཟེར།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་ནི་རང་རྒྱལ་གྱི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་རྗེས། སྐབས་དང་བསྟུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ལམ་གསར་བར་ཞུགས་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ལོ་ལྔ་དང་པོ་འགོ་རྩོམ་པ། ལོ་ལྔའི་འཆར་གཞི་བཅུ་བཞི་པ་སྒྲིག་བཟོ་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། ལངས་གནས་མཐོར་འདེགས་གཏོང་བ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་པ་སྒྲིག་བཟོ་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་ན། མ་འོངས་པའི་ལོ་ལྔ་ལ་བསམ་གཞིགས་གཏོང་བ་མ་ཟད། 2035ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཧ་ལམ་མངོན་འགྱུར་བྱེད་པའི་དམིགས་འབེན་ལ་རྒྱང་ལྟ་བྱས་ཏེ། བབ་བསྟུན་མདུན་སྐྱོད་ཀྱིས་མཚོ་སྔོན་གྱི་འཕེལ་རྒྱས་ཀྱི་པར་རིས་ལ་འཆར་འགོད་བཟང་བོ་བྱེད་དགོས། ལོ་རྒྱུས་ཀྱི་གནས་ཐིག་གཏན་འཁེལ་ལ་བརྡར་གཅོད་ཡང་དག་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱས་ནས། མཚོ་སྔོན་གྱི་མདུན་དུ་ལྷགས་པའི་གོ་སྐབས་དང་འགྲན་རྩོད། དགེ་མཚན་དང་ཞན་ཆ་སོགས་ལ་ཞིབ་འཇུག་ནན་མོ་བྱེད་དགོས། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། ཉེན་ཁའི་ཁྲོད་གོ་སྐབས་གསར་བ་སྐྱེད་སྲིང་བྱེད་པ་དང་འགྱུར་ལྡོག་ཁྲོད་རྣམ་པ་གསར་བ་བསྐྲུན་པ། སྤྱི་ཡོངས་ལ་འབྲེལ་བ་ཡོད་པ་དང་འདེགས་སྐྱོར་རང་བཞིན་ལྡན་པ་དང་སྣེ་ཁྲིད་རང་བཞིན་ལྡན་པའི་ལས་གཞི་གལ་ཆེན་དང་། བྱེད་ཐབས་གལ་ཆེན། བཅོས་བསྒྱུར་གལ་ཆེན་ལ་དོ་སྣང་དང་ཞིབ་འཇུག་བྱེད་དགོས། མི་དམངས་ལ་བློ་འདྲི་བ་རྒྱུན་འཁྱོངས་བྱེད་པ་དང་། མཉམ་འབྲེལ་དྲ་རྒྱའི་སྟེགས་བུ་བཀོལ་སྤྱོད་གང་ལེགས་བྱེད་པ། སྤྱི་ཚོགས་ལས་རིགས་སོ་སོའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། བློ་འདྲི་ནན་མོ་དང་མང་གྲོས་བློ་བསྡུ་བྱེད་དགོས། བརྗེ་རེས་སྦྲེལ་མཐུད་བཟང་བོ་བྱེད་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་བར་དུ་སྦྲེལ་མཐུད་བཟང་བོ་བྱས་ནས། འཆར་འགོད་ཀྱི་ཚན་རིག་རང་བཞིན་དང་ལག་བསྟར་རང་བཞིན་མཐོར་འདེགས་གཏོང་དགོས་ཟེར།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བསྡུ་བའི་བར་དུ་ཟླ་གཉིས་ལྷག་ཡོད་ལ། དུས་ཚོད་བྲེལ་མྱུར་ཆེ་བ་དང་ལས་འགན་ཧ་ཅང་ལྕི། སྔོན་གྱི་དུས་ཚིགས་གསུམ་གྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ཐད་ཀྱི་དབྱེ་ཞིབ་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་བྱེད་པ་དང་། ཞན་ཆ་འཚོལ་ཞིབ་བྱེད་པ། དཔལ་འབྱོར་འཁོར་རྒྱུག་རྒྱུད་རིམ་ཁྲོད་ཀྱི་གནས་ཚུལ་གསར་བ་དང་གནད་དོན་གསར་བ། འཕེལ་ཕྱོགས་གསར་བར་རྒྱུས་ལོན་ཡང་དག་བྱེད་པ། བཀོད་གཏོང་ལ་ཤུགས་སྣོན་པ་དང་མུ་མཐུད་འབད་འཐབ་བྱས་ནས། མཇུག་བཟང་བོ་བསྡུ་བ་དང་འགོ་བཟང་བོ་རྩོམ་པའི་ཐད་རྨང་གཞི་བཟང་བོ་འདིང་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།