ཀྲུང་དབྱང་སྐོར་ཞིབ་ཚན་ཁག་བཅོ་ལྔ་པས་མཚོ་སྔོན་ཞིང་ཆེན་བྱ་བའི་སྐུལ་སློང་ཚོགས་འདུ་བསྡུས།
2020.10.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

སྐོར་ཞིབ་ལས་དོན་སྐོར་གྱི་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས། ཉེ་ལམ། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་བཅོ་ལྔ་པས་མཚོ་སྔོན་ཞིང་ཆེན་གྱི་བྱ་བའི་སྐུལ་སློང་ཚོགས་འདུ་བསྡུས་ཤིང་།  ཚོགས་འདུ་མ་འཚོགས་པའི་སྔོན་ལ། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་བཅོ་ལྔ་པའི་ཚན་གཙོ་སུའུ་པོ་ཡིས་འགོ་འཛིན་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་དང་ཐུག་འཕྲད་བརྗེ་རེས་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པར་མ་ཟད། འབྲེལ་ཡོད་ལས་དོན་གྱི་བཀོད་སྒྲིག་བརྡ་ཁྱབ་བཏང་། ཚོགས་ཐོག་ནས་སུའུ་པོ་ཡིས་སྐུལ་སློང་གཏམ་བཤད་བྱས་ཏེ། སྐོར་ཞིབ་ལས་དོན་ཡག་པོར་བསྒྲུབ་རྒྱུའི་ཐད་ནས་བླང་བྱ་བཏོན། ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་གཏམ་བཤད།

ཀྲུང་དབྱང་སྐོར་ཞིབ་ཚན་ཁག་བཅོ་ལྔ་པའི་ཚན་གཙོ་གཞོན་པ་དང་དེ་བཞིན་འབྲེལ་ཡོད་བློ་མཐུན། ཀྲུང་དབྱང་སྐོར་ཞིབ་གཞུང་ལས་ཁང་དང་སྐོར་ཞིབ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅུ་པའི་འབྲེལ་ཡོད་བློ་མཐུན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་།  ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་བཅས་ཚོགས་འདུར་ཞུགས། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་ལས་ཁང་གི་ཀྲུའུ་རིན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོ།  ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་ཁུལ་ཏང་ཨུའི་ཧྲུའུ་ཅི་བཅས་ཚོགས་འདུར་ཟུར་ཞུགས་བྱས། གྲོང་ཁྱེར་དང་ཁུལ། རྫོང་བཅས་ནས་ཡན་ལག་ཚོགས་ར་བཙུགས།

སུའུ་པོ་ཡིས་ནན་གྱིས་བསྟན་དོན། ད་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ་འགྲུབ་པར་བྱེད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་མཇུག་བསྡུ་བའི་ལོ་ཞིག་ཡིན་ལ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཀྱང་ཡིན། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེར་སྐོར་ཞིབ་བྱས་པ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ས་ཁུལ་སོ་སོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་ཀྱིས་མཚོན་ཡོད་ལ། འགན་ནུས་དང་འགན་འཁྲི་སྒྲུབ་པར་སྐུལ་འདེད་གཏོང་བ་དང་། སྲུང་སྐྱོབ་བྱེད་དགོས་པ་གཉིས་ལ་སྐུལ་འདེད་གཏོང་བ། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། གཟབ་ནན་གྱི་རྩ་བའི་དགོངས་གཞི་ཡུན་རིང་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དེ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་དུ་བསྟར་བ། ཏང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ལག་ལེན་དུ་བསྟར་བ་བཅས་བྱེད་དགོས། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་བ་དང་། “ཁྱོན་ཡོངས་གཉིས”ཀྱི་མཐོ་ཚད་ནས། “འདུ་ཤེས་བཞི”ཇེ་བརྟན་དུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་དྲག་དུ་གཏོང་བ། “སྲུང་སྐྱོབ་བྱེད་དགོས་པ་གཉིས”བཟང་བོར་སྒྲུབ་ཐུབ་པ་བཅས་བྱས་ཏེ། སྐོར་ཞིབ་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱས་ནས་ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ། ཏང་ཀྲུང་དབྱང་གིས་སྤྲད་པའི་སྐོར་ཞིབ་ལས་འགན་མཐའ་གཅིག་ཏུ་ཡོངས་འགྲུབ་གང་ལེགས་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་བཅོ་ལྔ་པས་མཚོ་སྔོན་དུ་སྐོར་ཞིབ་བྱས་པ་དེའི་སྟེང་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། མཚོ་སྔོན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་བ་གང་ལེགས་ཀྱིས་མཚོན་ཡོད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པས། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས།  “འདུ་ཤེས་བཞི”ཇེ་བརྟན་དུ་གཏོང་བ་དང་“ཡིད་རྟོན་བཞི”ཇེ་དྲག་ཏུ་གཏོང་བ། “སྲུང་སྐྱོབ་བྱེད་དགོས་པ་གཉིས”བྱེད་ཐུབ་པ་བཅས་བྱས་ནས། ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་བར་གཅེས་སྤྲས་གང་ལེགས་བྱེད་རྒྱུ་དང་། ཆབ་སྲིད་ལྟ་སྐུལ་གྱི་ཐོབ་དཀའ་བའི་གོ་སྐབས་ལ་གཅེས་འཛིན་གང་ལེགས་བྱེད་པ། ཏང་གི་སྒྲིག་ཁྲིམས་ཇེ་དམ་དུ་གཏོང་བར་གཅེས་འཛིན་གང་ལེགས་བྱེད་པ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བའི་ལག་ལེན་གྱི་ཞིབ་བཤེར་ལ་གཅེས་འཛིན་གང་ལེགས་བྱེད་པ། ལྟ་བ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་བྱེད་པའི་ལངས་ཕྱོགས་ལ་བརྟེན་ནས་སྐོར་ཞིབ་ལས་ཀར་མཐོང་ཆེན་བྱེད་དགོས། ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་སྐོར་ཞིབ་ལྟ་སྐུལ་དང་ལེན་བྱེད་པ་དང་། ཐོན་སྲིད་པའི་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་སྐོར་ཞིབ་ལས་དོན་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱེད་དགོས། རང་ངོས་གསར་བརྗེ་བྱེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྐོར་ཞིབ་གནད་དོན་དག་ཐེར་ཡོ་བསྲང་བྱེད་པར་སྐུལ་འདེད་གཏོང་དགོས། སྐོར་ཞིབ་སྒུལ་ཤུགས་སུ་བཟུང་སྟེ་མིག་སྔའི་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱས་ཏེ། སྐོར་ཞིབ་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་ཐུབ་པར་འགན་ལེན་བྱེད་པའི་དུས་མཚུངས་སུ། སྟོབས་ཤུགས་ཡོད་རྒུས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་ནས་ཟླ་གཉིས་དང་ཕྱེད་ཀ་ཡས་མས་ལ་སྐོར་ཞིབ་ལས་དོན་སྤེལ་རྒྱུ་རེད། སྐོར་ཞིབ་བྱེད་ཡུན་གྱི་ཆེད་སྤྱོད་ལས་རེས་ཁ་པར་ནི། 0971-8111306ཡིན་ལ། ཆེད་སྤྱོད་སྦྲག་སྲིད་ཡིག་སྒམ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེརA150རྟགས་ཅན་གྱི་སྦྲག་སྲིད་ཡིག་སྒམ་ཡིན། སྐོར་ཞིབ་ཚན་ཆུང་གིས་ཉིན་ལྟར་ཁ་པར་བདག་སྤྲོད་བྱེད་པའི་དུས་ཡུན་ནི་ཉིན་རེའི་ཞོགས་པའི་དུས་ཚོད་བརྒྱད་ནས་དགོང་མོའི་དུས་ཚོད་དྲུག་གི་བར་ཡིན། སྐོར་ཞིབ་ཚན་ཆུང་ལ་ཡིག་སྐུར་ངོ་གཏུག་བྱེད་པའི་དུས་ཚོད་ནི་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔའི་ཉིན་བར་ཡིན།

ལོ་ཙཱ་བ། བན་དེ་སྐྱབས།