མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2020.11.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན། ཤིས་ཚིག་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས་ལ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འགོ་མཛིན་བྱས།

ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་དང་ཕུའུ་ཏུང་གསར་སྤེལ་སྒོ་འབྱེད་བྱས་ནས་ལོ་འཁོར་སུམ་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཅང་སུའུ་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉི་ཤུ་བ། རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་འགོ་ཁྲིད་མི་སྣའི་མཐོ་རིམ་གྲོས་ཚོགས་ཐེངས་བཅོ་ལྔ་བ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་བདུན་པ། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཐུག་འཕྲད་ཐེངས་བཅུ་གཉིས་པ་བཅས་ཀྱི་དགོངས་དོན་དང་། པ་ལི་ཞི་བདེ་གླེང་སྟེགས་སྐབས་གསུམ་པའི་སྟེང་གི་ཤིས་ཚིག་གི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ནང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འབུར་དུ་ཐོན་པར་བྱས་ཡོད་པ་དང་། སྤུས་ཚད་མཐོན་པོས་འཕེལ་རྒྱས་འབུར་དུ་ཐོན་པར་བྱས་ཡོད་ལ། བཅོས་བསྒྱུར་སྒོ་འབྱེད་འབུར་དུ་ཐོན་པར་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྤྱི་ལ་ཁ་ཕྱོགས་པའི་གསུང་བཤད་གལ་ཆེན་དང་ཤིས་ཚིག་གིས་རིམས་ནད་ཀྱི་དུས་སྐབས་རྗེས་མའི་གནད་དོན་ལ་དམིགས་ནས། ཀྲུང་གོ་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ཁྲོད་ཞུགས་པའི་རྒྱལ་ཁབ་ཆེན་པོའི་རྣམ་འགྱུར་འགྲེམ་སྟོན་བྱས་ཡོད་པ་དང་། ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་འདོད་བློ་འགྲེལ་བཤད་གསལ་བོ་བྱས་ཡོད་ལ། ཀྲུང་གོའི་རིག་སྟོབས་འདོན་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཤིས་ཚིག་གི་དགོངས་དོན་སློབ་སྦྱོང་བྱེད་པ་དང་། མེས་རྒྱལ་ཡིད་ལ་འཛིན་པ་དང་། འཛམ་གླིང་ལ་རྒྱང་བལྟ་བྱེད་པ། མིག་སྔར་རྐང་འཛུགས་པ། མ་འོངས་པར་ཁ་ཕྱོགས་པ། ད་ལྟ་དངོས་སུ་སྒྲུབ་བཞིན་པ་གཙོར་འཛིན་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ལ་དམ་འཛིན་བྱེད་པ། དུས་རབས་གསར་བའི་འཕེལ་རྒྱས་ཀྱི་བརྗོད་སྙིང་དང་གཙོ་ཐིག ལམ་བུ་གཙོ་བོར་དམིགས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་ཞིབ་འཇུག་བྱེད་པ་དང་། མཚོ་སྔོན་གྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་དོན་གྱིས་ལོ་རྒྱུས་དང་མངོན་སུམ་གཉིས་འབྲེལ་མཐུད་བྱེད་པ་དང་། རྒྱལ་སྤྱི་དང་རྒྱལ་ནང་འབྲེལ་འདྲིས་བྱེད་པ། གཞུང་ལུགས་དང་གནས་ཚུལ་དངོས་གཉིས་ཟུང་འབྲེལ་བྱེད་པའི་སྟེང་ནས། དུས་རབས་གསར་བའི་ནང་ཅི་ཞིག་ལ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལག་བསྟར་བྱེད་པ་དང་། ཅི་ལྟར་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལག་བསྟར་བྱེད་པ་སོགས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་བཏབ་ལ། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གཙོ་བོ་དང་། དུས་རབས་གསར་བའི་ནང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྣེ་ཁྲིད་བྱེད་པའི་བསམ་བློའི་དར་ཆ་ཡིན། ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་། ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་སྲོལ་ཡིག་བཅས་དང་ཟུང་འབྲེལ་བྱེད་པ། ལོ་ལྔའི་འཆར་འགོད་བཅུ་བཞི་པར་འཆར་འགོད་བྱེད་པ་དང་ཟུང་འབྲེལ་བྱས་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཏང་ཀྲུང་དབྱང་གི་ཁྲིམས་སྐྱོང་འཛུགས་སྐྲུན་སྐོར་གྱི་བཀོད་སྒྲིག་མཚོ་སྔོན་ནས་ལག་བསྟར་བཟང་བོ་བྱེད་པ་དང་། ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱིས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་ཆེད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། སྤྱི་ཁོག་གི་རེ་བ་དང་གཞི་རྩའི་ལམ་བུ། བྱ་བའི་གཙོ་གནད། འཕེལ་རྒྱས་ཀྱི་ཁ་ཕྱོགས། རྩ་བའི་དམིགས་འབེན་ཁོང་དུ་ཆུད་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གཉིས་ཟུང་འབྲེལ་བྱས་ནས་རྒྱུས་ལོན་བྱེད་པ་དང་སྦྲེལ་མཐུད་བྱས་ནས་ལག་བསྟར་བྱས་ཏེ། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་ཇེ་དྲག་ཏུ་གཏོང་བའི་འགན་སྲུང་གལ་ཆེན་དུ་བརྩི་དགོས། བདེ་འཇགས་འཛུགས་སྐྲུན་ནི་བཟོ་སྐྲུན་ཆེན་པོ་ཞིག་ཡིན་པ་དང་། མཚོ་སྔོན་བྱ་བའི་ཐད་ནས་གཏན་འཇགས་གཙོར་འཛིན་པ་དང་བདེ་འཇགས་ཀྱིས་མ་འོངས་གསར་གཏོད་བྱེད་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རྩོད་སྒྲུབ་བསམ་བློ་དང་ཚད་མཐའ་བསམ་བློ་སྤྱད་དེ་དུས་རབས་གསར་བའི་མི་དམངས་ནང་ཁུལ་གྱི་འགལ་རྩོད་ཐག་གཅོད་དགོས། ཞིང་སྡེ་གཞིས་ཁུལ་གྱི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་དང་ཟུང་འབྲེལ་བྱེད་པ་དང་། གཞི་རིམ་མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་ལ་སྐུལ་འདེད་བཏང་སྟེ། དུས་རབས་གསར་བའི་ཧྥུན་ཆའོ་ཉམས་མྱོང་མཚོ་སྔོན་ནས་ལག་བསྟར་བཟང་བོ་བྱེད་ཐུབ་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཟེངས་བསྟོད་ཚོགས་ཆེན་ནི་དུས་རབས་གསར་བར་ཞུགས་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྡུས་པའི་ཚོགས་ཆེན་ཞིག་ཡིན་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཟོ་བའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་པ་མང་ཚོགས་ལ་ཧ་ཅང་མཐོང་ཆེན་དང་སེམས་ཁུར་བྱེད་བཞིན་པ་མཚོན་ཡོད། ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། འཚོ་བ་དང་ཐག་ཉེ་བ་དང་མང་ཚོགས་དང་ཐག་ཉེ་བ། གནས་ཚུལ་དངོས་ལ་ཐག་ཉེ་བར་བྱེད་པ་དང་། རྣམ་པ་བཟང་བོས་ངལ་རྩོལ་གྱིས་བདེ་སྐྱིད་བསྐྲུན་པ་བརྗོད་སྙིང་དུ་བྱས་པའི་དྲིལ་སྒྲོག་སློབ་གསོ་སྤེལ་ནས། གཏན་ཁེལ་བྱ་བ་བཟང་བོར་བསྒྲུབ་དགོས། རྒྱ་ཆེའི་ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རྒྱུད་རིམ་ཁྲོད། དུས་རབས་གསར་བའི་ངལ་རྩོལ་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་། བཟོ་བའི་དུས་རིམ་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། དུས་རབས་གསར་བའི་དབྱངས་རྟ་གཙོ་བོ་མཐོན་པོར་སྒྲོག་དགོས་ཟེར།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ནས་བཟའ་བཏུང་འཕྲོ་བརླག་བཀག་འགོག་བྱེད་པའི་སྤྱོད་ཚུལ་གྱི་ཆེད་དོན་ལྟ་ཞིབ་བྱ་བའི་གནས་ཚུལ་གྱི་སྙན་ཞུ་དང་། ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་གནས་ཚུལ་དང2020ལོའི་གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་ཏང་ཨུ་དང་ཏང་སྲིད་གཞུང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དཔྱད་ཞིབ་གནས་ཚུལ་སྙན་ཞུ་ལ་ཉན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་ལག་བསྟར་བྱེད་ཐབས་དང་ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འདེམ་བསྐོ་བྱ་བའི་སྲོལ་ཡིག་ལག་བསྟར་བྱེད་པའི་སྐོར་གྱི་བྱེད་ཐབས་འགའ་ལ་གྲོས་ཞིབ་བྱས་པ་དང་། བྱ་བ་གཞན་པར་ཞིབ་འཇུག་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།