ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་རྒྱ་སྐྱེད་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་གཞུག་བྱས་ནས་བསྡུས།
2020.12.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་སྔ་གཞུག་ཏུ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་རྒྱ་སྐྱེས་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ།  ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་འགོ་ཁྲིད་ཚན་ཁག་དང་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་གནས་ཚུལ་བརྡ་ཁྱབ་བཏང་བར་མ་ཟད། དུས་རབས་གསར་པའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་ཚང་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་དང་ཚུར་ལན་བསམ་འཆར་ཐེངས་བདུན་པ་དོན་འཁྱོལ་མཐར་ཕྱིན་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དབྱེ་འབྱེད་གཏན་འབེབས་དང་ནན་སྲུང་བྱེད་པ། རང་བྱུང་སྲུང་སྐྱོབ་ས་ཁུལ་སྡེབ་སྒྲིག་ལེགས་སྒྱུར་བྱེད་པ། ལུས་རྩལ་གྱི་ཁྱབ་ཁོངས་ནས་ཕྱིར་བུད་པའི་ལུས་རྩལ་པ་བཀོད་སྒྲིག་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས།

ཚོགས་ཐོག་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་བྱས་ཏེ། ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་སྙིང་བཅུད་དང་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས། ཁྲིམས་སྐྱོང་འཛུགས་སྐྲུན་དར་སྤེལ་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་ཞིབ་ཕྲ་ལྟར་དུ། སྲིད་གཞུང་གི་ལས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། རྩ་ཁྲིམས་ལྟར་སྲིད་སྐྱོང་དང་ཁྲིམས་ལྟར་སྲིད་འཛིན་རྒྱུན་འཁྱོངས་བྱས་ཏེ། སྲིད་འཛིན་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་དགོས། སྲིད་འཛིན་ཇུས་ཐག་གཅོད་རྒྱུ་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཁྲིམས་བསྟར་ནན་མོ་དང་ཚད་ལྡན་དྲང་གཞག་ཚུལ་མཐུན་བཅས་ཡོང་བར་བྱེད་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས། ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁྲིམས་བཀུར་དང་ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱས་ཏེ། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་སྲིད་གཞུང་གི་ལས་དོན་ཁག་ཡག་པོ་སྒྲུབ་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་དང་ཕུའུ་ཏུང་གསར་སྤེལ་སྒོ་འབྱེད་བྱས་ནས་ལོ་སུམ་ཅུ་འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་དང་མཛུབ་སྟོན་དང་ཤིས་ཚིག་བཅས་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། རང་ཞིང་གི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་ཚན་རིག་དང་མཐུན་པར་ཇུས་འགོད་དང་སྒྲིག་བཟོ་བྱས་ནས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་འཐབ་ཇུས་ནང་ཧུར་ཐག་ཞུགས་པ་དང་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་ད་དུང་ལས་རིམ་གཞན་དག་ལའང་ཞིབ་འཇུག་བྱས།

ལོ་ཙཱ་བ། བན་དེ་སྐྱབས།