ཧྲང་ཧེ་གྲོང་ཁྱེར་སྤྱིའི་བཟོ་ཚོགས་དང་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་ཧྲང་ཧེ་དང་མཚོ་སྔོན་གྱི་ལས་བཟོ་བའི་འཐེན་ཐུག་རྩལ་ནུས་འགྲན་སྡུར་ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན་ཧྲང་ཧེ་ནས་བསྡུས། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཏང་ཙུའུ་ཁོངས་མི་ཡན་ཅིན་ཧྭ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཅི་ཞོ། ཧྲང་ཧེ་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། གྲོང་ཁྱེར་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མའོ་ཧྥུའུ་ཁྲུན་གསུམ་རྩལ་ནུས་འགྲན་སྡུར་ལ་ཞུགས།
ལོ་ངོ་སུམ་ཅུ་ལྷག་གི་འཕེལ་རྒྱས་བརྒྱུད་དེ། མཚོ་སྔོན་གྱི་འཐེན་ཐུག་དེ་མང་ཚོགས་དབུལ་ཐར་ལ་སྣེ་ཁྲིད་བྱེད་པའི་ཕྱུག་བསྒྱུར་འཐེན་ཐུག་ཡིན་པ་དང་། སྤྱི་ཚོགས་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་འཆམ་མཐུན་འཐེན་ཐུག མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བདེ་སྐྱིད་ཀྱི་འཐེན་ཐུག འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བའི་འབྱོར་འབྲིང་གི་འཐེན་ཐུག་ཏུ་གྱུར་ཡོད། ཧྲང་ཧེ་དང་མཚོ་སྔོན་གྱི་སྤྱིའི་བཟོ་ཚོགས་གཉིས་ཀྱིས་མཉམ་དུ་འཐེན་ཐུག་རྩལ་ནུས་འགྲན་སྡུར་སྤེལ་ནས། འབྲི་ཆུའི་ཟུར་གསུམ་གླིང་ས་ཁུལ་གྱི་མཚོ་སྔོན་གྱི་འཐེན་ཐུག་བྱ་བ་སྒྲུབ་མཁན་ལ་སློབ་སྦྱོང་བརྗེ་རེས་དང་མིག་རྒྱ་ཆེར་བསྐྱེད་པ། རྩལ་ནུས་མཐོར་འདེགས་གཏོང་བ། སྣང་བརྙན་འགྲེམ་སྟོན་བྱེད་པའི་སྟེགས་བུ་འཛུགས་སྐྲུན་བྱས་པ་དང་། ཞིང་ཆེན་བརྒལ་བའི་རྩལ་ནུས་འགྲན་སྡུར་སྤེལ་བའི་ཚོད་ལྟ་ཐེངས་གཅིག་ཀྱང་ཡིན་ལ། འཐེན་ཐུག་བྱ་བ་སྒྲུབ་མཁན་གྱི་བརྩོན་སེམས་ཆེར་བསྐྱེད་པར་ཕན་པ་ཡོད་པ་དང་། འཐེན་ཐུག་ཐོན་ལས་ཚུལ་བསྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་།
ན་ནིང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཞིང་ཆེན་བར་གྱི་འཐེན་ཐུག་རྩལ་ནུས་འགྲན་སྡུར་བསྡུས་པའི་གྲོས་གཞི་བཏོན་པ་དང་། དེར་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས་ཧ་ཅང་མཐོང་ཆེན་བྱས་པ་དང་། ངལ་རྩོལ་དང་དཔལ་འབྱོར་བྱ་བ་པུའུ་བཀོད་སྒྲིག་བྱས་ནས་མཛུབ་ཁྲིད་ལ་ཤུགས་བསྣན། ཧྲང་ཧེ་གྲོང་ཁྱེར་སྤྱིའི་བཟོ་ཚོགས་ཀྱི་ཚུར་སྣང་ཆེན་པོ་བྱས་པ་དང་། རྐང་འཛིན་སྟོབས་ཤུགས་འཐེན་སྐོང་བྱས་ནས་གྲ་སྒྲིག་བཟང་བོ་བྱས་ཏེ། འགྲན་སྡུར་བདེ་བླག་ངང་བསྡུ་བའི་ཐད་ཤུགས་ཡོད་ཀྱི་འགན་སྲུང་འདོན་སྤྲོད་བྱས། ཟི་ལིང་དང་མཚོ་ཤར། མཚོ་བྱང་། མཚོ་ལྷོ། རྨ་ལྷོ་སོགས་གྲོང་ཁྱེར་དང་ཁུལ་གྱི་སྤྱིའི་བཟོ་ཚོགས་ཀྱིས་ཧྲང་ཧེ་དང་ཀྲེ་ཅང་། ཅང་སུའུ་སོགས་ས་ཆ་རུ་འཐེན་ཐུག་ཐོན་ལས་གཉེར་བཞིན་པའི་འཐུས་ཚབ་ཚོགས་པ་ཉེར་བདུན་རྩ་འཛུགས་བྱས་པ་དང་། ཧྲང་ཧེ་གྲོང་ཁྱེར་སྤྱིའི་བཟོ་ཚོགས་ཀྱིས་འཐུས་ཚབ་ཚོགས་པ་ལྔ་རྩ་འཛུགས་བྱས་ཏེ། བསྡོམས་པས་འགྲན་ཞུགས་མི་སྣ་བརྒྱ་དང་ཉེར་བརྒྱད་འགྲན་སྡུར་ལ་ཞུགས།
ལོ་ཙཱ་བ། རིན་ཆེན་མཚོ།