ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འགོ་མཛིན་བྱས།
ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱིས2021ལོའི་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་། 2021ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ལ། ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་རྩ་འཛུགས་ཀྱི་འདེམ་བསྐོ་བྱ་བའི་སྲོལ་ཡིག་ལ་གྲོས་ཞིབ་བྱས་པ་དང་། དེ་ནི་ང་ཚོས་སྤུས་ཚད་མཐོན་པོས་སང་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པ་དང་། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་གཏིང་ཟབ་བྱེད་པ། དུས་རབས་གསར་བའི་ས་གནས་ཏང་རྩ་འཛུགས་ཀྱི་འདེམ་བསྐོ་བྱ་བ་བཟང་བོར་བསྒྲུབ་པའི་གཞི་འཛིན་ས་གཙོ་བོ་ཡིན། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། དཔལ་འབྱོར་བྱ་བའི་རང་འགུལ་དབང་ཆ་ཁོང་དུ་ཆུད་པར་བྱེད་པ། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་སྲ་བརྟན་དུ་གཏོང་བ། སང་ལོའི་སྐབས་བརྗེ་འདེམ་བསྐོ་བྱ་བ་བཟང་བོར་བསྒྲུབ་ནས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་རེ་བ་སྣ་ཚོགས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་དྲུག་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། གནས་བབ་གསར་བའི་འོག་སྤྱི་ཁོག་གི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན། བདེ་འཇགས་རྒྱུན་འཁྱོངས་བྱེད་པ་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་དང་འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་སྲུང་ཡིན་པ་དང་། མ་ལག་བསམ་བློ་རྒྱུན་འཁྱོངས་བྱེད་པ། སྟོབས་ཤུགས་ཡོད་རྒུས་བདེ་འཇགས་ཀྱི་རྣམ་པ་གྲུབ་པར་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ལས་རིགས་རྩལ་ནུས་འགྲན་བསྡུར་སྐབས་དང་པོའི་སྟེང་བསྐུར་བའི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གིས་ཏང་ཀྲུང་དབྱང་གི་རྩལ་ནུས་འཇོན་མི་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་པ་མངོན་ལ། ངལ་རྩོལ་གཟི་བརྗིད་ལྡན་པ་དང་རྩལ་ནུས་རྩ་ཆེ་བ། རླབས་ཆེན་གསར་སྐྲུན་གྱི་ཁོར་ཡུག་བཟང་བོ་བསྐྲུན་པ་དང་། རིགས་མི་འདྲ་བའི་རྩལ་ནུས་འཇོན་མི་སྐྱེད་སྲིང་བྱེད་པ། ངལ་རྩོལ་པ་སྐྱེད་སྲིང་བྱེད་པའི་ལམ་བུ་རྒྱ་སྐྱེད་དེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཤེས་ལྡན་མི་སྣའི་རྨང་གཞི་བསྐྲུན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནམ་ཟླའི་སྤོབས་པའི་མཐོ་རིམ་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་དང་མིའི་རིགས་ཀྱི་དབུལ་ཕོངས་ཉུང་གཏོང་ཉམས་མྱོང་གི་རྒྱལ་སྤྱིའི་གླེང་སྟེགས་སྟེང་བསྐུར་བའི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གིས། མིའི་རིགས་ཀྱི་ལས་སྐལ་མཐུན་པའི་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། མཉམ་དུ་ནམ་ཟླའི་ཁོར་ཡུག་གི་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་རྒྱལ་སྤྱིའི་དབུལ་ཕོངས་ཉུང་གཏོང་རྒྱུད་རིམ་ལག་བསྟར་བྱེད་པའི་ཐད་ཀྲུང་གོའི་ཇུས་གཞི་འདོན་སྤྲོད་བྱས་པ་དང་། རྒྱལ་ཁབ་ཆེན་པོའི་ཁག་ཁུར་འགྲེམ་སྟོན་བྱས། ཆེས་ཆེ་བ་གསུམ་གྱི་མཚོ་སྔོན་ཞིང་ཆེན་གྱི་གནས་ཐིག་གཏན་ཁེལ་ཡིད་ལ་དམ་པོར་འཛིན་པ་དང་། མི་འདོར་བ་བཞིའི་རེ་བ་ལག་བསྟར་ནན་མོ་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ནས། ཧུར་ཐག་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་ཁྱོན་ཡོངས་ཀྱི་འབྱོར་འབྲིང་ཐད་ཀྱི་ཚད་ལྡན་རྒྱུགས་ལན་སྤྲོད་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་གྲུབ་འབྲས་གཙོ་བོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། རྒྱལ་ཁབ་ཆེན་པོའི་ཆབ་སྲིད་ཀྱི་མཐོ་ཚད་ནས་སྲུང་སྐྱོབ་དང་བཅོས་སྐྱོང་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། འགོ་ཁུངས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། འགོ་ཁུངས་ཀྱི་གྲུབ་འབྲས་མངོན་པ། འགོ་ཁུངས་ཀྱི་བྱས་རྗེས་བཞག་སྟེ། རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་བྱ་བ་ནན་ཏན་གྱིས་བསྒྲུབ་དགོས་ཟེར།
ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་འབྲེལ་ཡོད་ཡིག་ཆར་གྲོས་སྡུར་བྱས་པ་དང་། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་དང་པོ་དང་འགོ་ཁྲིད་ཚན་ཁག་གི་ལྟ་སྐུལ་ལ་ཤུགས་སྣོན་པའི་སྐོར་གྱི་བྱེད་ཐབས་ཉི་ཤུ་སོགས་ཡིག་ཆར་གྲོས་ཞིབ་བྱས་པ་མ་ཟད། བྱ་བ་གཞན་པར་ཞིབ་འཇུག་བྱས།
ལོ་ཙཱ་བ། རིན་ཆེན་མཚོ།