ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དམིགས་འབེན་འགན་འཁྲི་དཔྱད་ཞིབ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2020.12.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན། ཧྲིན་ཀྲང་། ཞིང་ཆེན་དཔྱད་ཞིབ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞིན་ཁྲང་ཞིང་གིས་འགོ་མཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དམིགས་འབེན་འགན་འཁྲི་དཔྱད་ཞིབ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། 2020ལོའི་དཔྱད་ཞིབ་ཀྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དཔྱད་ཞིབ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཅེ་ཞང་དང་ཝང་ཡུས་ཡན། ཡུས་ཚོང་ལི་གསུམ་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ནས་བསྟན་དོན། 2020ལོར། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གནད་འགག་གི་དུས་སྐབས་སུ་སླེབས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཇུག་བསྡུ་དགོས་ལ། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱིས་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གནོད་པ་ཆེན་པོ་ཐེབས་པས། རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་ཉམས་སད་ཐེག་ཐུབ་པ་དང་། ཁྱོན་ཡོངས་དཔྱད་ཞིབ་ཀྱི་ལས་འགན་ཅུང་ལྕི་ལ། དཔྱད་ཞིབ་ནན་མོ་བྱེད་པའི་རེ་བ་ཁ་ཚ་དགོས་གཏུག་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་འགན་ཁུར་བ་དང་རྒྱ་ཆེའི་ལས་བྱེད་པར་འགན་ཁུར་བ། ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་འགན་ཁུར་བའི་རྣམ་འགྱུར་གྱིས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོའི་གནས་ཚུལ་དངོས་ལ་བསམ་གཞིགས་གང་ལེགས་གཏོང་བ་དང་། དཔྱད་ཞིབ་ཇུས་གཞི་ཇེ་ཞིབ་ཏུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་ཚན་ཆུང་བགོ་བ་དང་དམིགས་ཚད་ཇེ་ལེགས་སུ་གཏོང་བ། འཆར་འགོད་བཟང་བོ་བྱེད་པ་དང་རྩ་འཛུགས་བཟང་བོ་བྱེད་པ། 2020ལོའི་དཔྱད་ཞིབ་བཟང་བོར་སྤེལ་ནས། དཔྱད་ཞིབ་ཀྱི་འདྲ་མཉམ་རང་བཞིན་དང་དྲང་གཞག་རང་བཞིན་མངོན་པར་བྱེད་པ་དང་། དཔྱད་ཞིབ་ཀྱི་དྲང་ཕྱོགས་ཀྱི་སྐུལ་སློང་ནུས་པ་འདོན་སྤེལ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་བྱ་བའི་སྲོལ་ཡིག་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་དུས་སྤེལ་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་བྱེད་པའི་དཔྱད་ཞིབ་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་ལྟར། སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བཟང་བོ་བྱེད་དགོས། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་འབུར་དུ་ཐོན་པར་བྱེད་པ། ཕྱོགས་བསྡུས་སྒོས་ལྟ་ཞིབ་དང་རྩིས་བཤེར། ལྟ་སྐུལ་གྱི་གྲུབ་འབྲས་བཀོལ་སྤྱོད་བྱེད་པ། སྟབས་བདེ་དང་ལག་བསྟར་བྱེད་ཆོག་པའི་དཔྱད་ཞིབ་བྱེད་ཐབས་གྲུབ་པར་བྱས་ནས། ཉིན་རྒྱུན་རང་བཞིན་གྱི་དཔྱད་ཞིབ་ལ་སྔར་ལས་ཤུགས་སྣོན་པ་དང་། ནམ་རྒྱུན་གྱི་དཔྱད་ཞིབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་ཟེར།

ཚོགས་ཐོག་ནས། དཔྱད་ཞིབ་བྱ་བར་ཁྲིད་ཕྱོགས་མངོན་གསལ་དང་སྣེ་ཁྲིད་ནུས་པ་ལྡན་པ་དང་། 2021ལོའི་དཔྱད་ཞིབ་བྱ་བར་གཅིག་གྱུར་འཆར་འགོད་བྱེད་དགོས། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་གྲུབ་འབྲས་དཔྱད་ཞིབ་ལེགས་བསྒྱུར་བྱེད་པ་དང་སྐུལ་འདེད་གཏོང་བའི་སྐོར་གྱི་བརྡ་སྦྱོར་གྱི་རེ་བ་ལྟར། རྒྱལ་ཁབ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་གྲུབ་འབྲས་གདེང་འཇོག་རེ་བ་དང་དམིགས་ཚད་མ་ལག་ལ་ཤན་སྦྱར་ནས། སྔ་མོ་ནས་འཆར་འགོད་བྱེད་པ་དང་ཞིབ་འཇུག་གསལ་བོ་བྱས་ཏེ། རང་ཞིང་གི་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་གྲུབ་འབྲས་དཔྱད་ཞིབ་ཕྱོགས་བསྡུས་གདེང་འཇོག་དམིགས་ཚད་མ་ལག་འཛུགས་པ་དང་། དཔྱད་ཞིབ་ཀྱི་བཀོད་འདོམས་ནུས་པ་དང་ཕྱོགས་སྟོན་ནུས་པ། སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།