ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་ཟི་ལིང་ནས་ཚོགས།
2020.12.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་དྲུག་ཉིན་བར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་ཟི་ལིང་ནས་ཚོགས། ཚང་འཛོམས་གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་པ། ཐེངས་ལྔ་པ། ཀྲུང་དབྱང་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་ཡུན་རིང་དམིགས་འབེན་སྒྲིག་བཟོ་བྱེད་པའི་སྐོར་གྱི་གྲོས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 2020ལོའི་བྱ་བར་སྤྱི་སྡོམ་བྱས་ལ། 2021ལོའི་བྱ་བར་བཀོད་སྒྲིག་བྱས་ཏེ། ཏང་ཀྲུང་དབྱང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་ཇུས་གཞི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་འགོ་བཟང་བོ་བརྩམས།

ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་མཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཉིས་སྟོང་ཉི་ཤུ་ལོའི་བྱ་བའི་སྙན་ཞུ་ཕུལ་བ་མ་ཟད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་རེ་བ་བཏོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གྲོས་གཞིའི་གྲོས་སྡུར་འཆར་ཟིན་ཐད་ནས་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་བྱས་པ་མ་ཟད། ཉིས་སྟོང་ཉི་ཤུ་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བྱ་བར་སྤྱི་སྡོམ་བྱས་པ་དང་། ཉིས་སྟོང་ཉེར་གཅིག་ལོའི་དཔལ་འབྱོར་བྱ་བ་བཀོད་སྒྲིག་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་མགོན་པོ་བཀྲ་ཤིས་དང་ཐིན་ཅ་ཚའེ། ལིས་ཅེ་ཞང་། ཝང་ཡུས་ཡན། ཡུས་ཚོང་ལི། མཱ་ཅི་ཞོ། དབྱིན་པད། ཁྲིན་རུའེ་ཧྥུན་བཅས་གྲོས་ཚོགས་ལ་ཞུགས།

ཚང་འཛོམས་གྲོས་ཚོགས་སྟེང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པ་འབྱེད་པའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དུ་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་ལ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་དགོངས་པ་གསལ་བཤད་དང་ལག་བསྟར་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བའི་གྲོས་ཚོགས་གལ་ཆེན་ཡིན་པས། ངེས་པར་དུ་ཡང་དང་བསྐྱར་དུ་སློབ་སྦྱོང་བྱེད་པ་དང་། ཡང་དང་བསྐྱར་དུ་ལག་ལེན་བྱེད་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དམ་འཛིན་བྱས་ནས། བསམ་བློ་དང་སྦྱོར་བ་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་དགོས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པའི་མཐོ་ཚད་དུ་འགྲེང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གྱི་མཐོ་ཚད་དུ་འགྲེང་བ། ལོ་རྒྱུས་དང་མངོན་སུམ་ཟུང་འབྲེལ་དང་གཞུང་ལུགས་དང་ལག་ལེན་སྦྲེལ་མཐུད་བྱེད་པའི་མཐོ་ཚད་དུ་འགྲེང་བ། བརྒྱ་ལོ་གཉིས་ཀྱི་དུས་རབས་ཀྱི་འདྲེས་མཚམས་ཀྱི་མཐོ་ཚད་དུ་འགྲེང་བ། རླབས་ཆེན་གྱི་ལག་ལེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་མཐོ་ཚད་དུ་འགྲེང་བ་བཅས་བྱས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་ཆབ་སྲིད་དོན་སྙིང་དང་འཐབ་ཇུས་གལ་ཆེན་གྱི་དོན་སྙིང་། རྡོ་རིང་ལྟ་བུའི་དོན་སྙིང་། དུས་རབས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་བཅས་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་རླབས་ཆེན་འཆར་འགོད་དང་བཀའ་རྒྱ་ཆེས་གསར་བ་མཚོ་སྔོན་ནས་ལག་བསྟར་བྱས་ཏེ་གྲུབ་འབྲས་ཐོབ་པར་བྱེད་དགོས་པར་འདོད།

ཚང་འཛོམས་གྲོས་ཚོགས་སྟེང་ཉིས་སྟོང་ཉི་ཤུ་ལོའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་བྱས། ཚོགས་ཐོག་ནས། ད་ལོ་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཆེས་སྤྱིར་བཏང་མིན་པའི་ལོ་གཅིག་ཡིན། རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་དང་ལྷག་པར་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པར་ཁ་གཏད་དེ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། ཐེངས་གསུམ་པ། ཐེངས་བཞི་པ། ཐེངས་ལྔ་པའི་དགོངས་དོན་ལག་བསྟར་ནན་མོ་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་དང་ལག་བསྟར། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཐེངས་རེ་རེའི་ཚང་འཛོམས་གྲོས་ཚོགས་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱེད་པ། རིམས་ནད་འགོག་བཅོས་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་པ། རྒྱུན་མཐུད་ངང་མཁྲེགས་གཏོར་ཆེན་མོ་གསུམ་ལག་བསྟར་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བ། བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པ། ཧུར་ཐག་གིས་སྤུས་ལེགས་འཚོ་བ་བསྐྲུན་པ། ཏང་གི་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ། རྒྱ་ཆེའི་ཏང་ཡོན་དང་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་མཉམ་དུ་འབད་འཐབ་བྱེད་པ་བཅས་བྱས་པས། མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་བླངས་ཡོད་ཟེར།

ཚང་འཛོམས་གྲོས་ཚོགས་སྟེང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ནས་བླངས་པའི་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས། ཚོགས་ཐོག་ནས། ལོ་ལྔའི་འཆར་འགོད་བཅུ་གསུམ་པ་འགོ་རྩོམ་པའི་ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དངོས་སུ་མཚོ་སྔོན་དུ་ཕེབས་ནས་བྱ་བར་གཟིགས་ཞིབ་མཛད་པ་དང་། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་བཏོན་ལ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་འཆར་གཞི་བཀོད་དེ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་སྐུལ་སློང་བྱས་པ་དང་། ཡིད་ཆེས་དང་སྟོབས་ཤུགས་བསྩལ། ཞིང་ཆེན་གོང་འོག་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རང་འགུལ་གྱིས་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལས་བྱུང་བའི་ཁྱད་ཆོས་གསར་པ་དང་རེ་བ་གསར་པར་བསྟུན་པ་དང་། གྲུབ་ཚུལ་བསྒྱུར་བ་དང་སྒུལ་ནུས་བསྒྱུར་བའི་གནས་བབ་གསར་པར་རྒྱུས་ལོན་ཟབ་མོ་བྱས་ལ། དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་དང་རིགས་མི་འདྲ་བའི་ཉེན་ཁ་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཕེལ་རྒྱས་ཀྱི་གོ་རིམ་ཧྲིལ་བོ་དང་ཁྱབ་ཁོངས་སོ་སོར་ཁྱབ་པར་བྱས་ལ། དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་ཁ་ཕྱོགས་ནས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་བཏོན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཚོ་སྔོན་དུ་ལག་བསྟར་བྱས་ལ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་པས།  མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་ལ་ཉེ་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པ་འབྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས་ཡོད་ཟེར།

ཚང་འཛོམས་གྲོས་ཚོགས་སྟེང་འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་མདུན་དུ་ལྷགས་པའི་གོ་སྐབས་དང་འགྲན་རྩོད་ལ་དབྱེ་ཞིབ་ཟབ་མོ་བྱས། ཚོགས་ཐོག་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་སུ། རང་ཞིང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རིམ་པ་ཅུང་དམའ་བའི་དུས་སུ་གནས་པའི་གཞི་རྩའི་གནས་ཚུལ་འགྱུར་མེད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་རིམ་སྤོར་བྱེད་པའི་སྤྱིའི་རྣམ་པ་འགྱུར་མེད་ལ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་བ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་མོ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་ཟུང་གི་ཁྲོད་དུ་འདྲེས་པར་བྱས་ནས། དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་གཅིག་སྡུད་བྱེད་པའི་དུས་རིམ་གལ་ཆེན་ཡིན་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཁྲེགས་གཏོར་དུས་སྐབས་དང་ཚུལ་བསྒྱུར་རིམ་སྤོར་གྱི་གནད་འགག་དུས་སྐབས། འགྲན་རྩོད་དགེ་མཚན་ཡང་བསྐྱར་བསྐྲུན་པའི་དུས་སྐབས། བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བའི་དུས་སྐབས་བཅས་དུས་སྐབས་བཞི་བསྣོལ་བའི་ཁྱད་ཆོས་མངོན་ཡོད། ཞིང་ཆེན་གོང་འོག་ཡོངས་ཀྱིས་གོ་སྐབས་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཞིང་ཆེན་གྱི་གཞི་རྩའི་གནས་ཚུལ་ལ་རྐང་འཛུགས་པ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་ཆོས་ཉིད་བརྩི་སྲུང་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཚད་མཐའི་བསམ་བློ་འཛུགས་པ། ཉེན་ཁའི་ཁྲོད་གོ་སྐབས་དམ་འཛིན་བྱེད་པ་དང་། འགྱུར་ལྡོག་ཁྲོད་འགོ་བཟང་བོ་བརྩམས་ནས། མཚོ་སྔོན་གྱི་ལས་དོན་སྣ་ཚོགས་ནམ་ཡང་ཁ་ཕྱོགས་ཡང་དག་བརྒྱུད་དེ་རྒྱུན་མ་ཆད་པར་མདུན་དུ་བསྐྱོད་པར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཉིས་སྟོང་སོ་ལྔ་ལོའི་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཡུན་རིང་དམིགས་འབེན་ཧ་ལམ་མངོན་འགྱུར་བྱེད་པ་སྟེ། རང་ཞིང་གི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས་མཐོར་འདེགས་གཏོང་བ་དང་། དཔལ་འབྱོར་སྤྱིའི་འཕར་ཚད་དང་མཁར་གྲོང་སྡོད་དམངས་ཀྱི་ཆ་སྙོམས་ཡོང་སྒོ་ཆུ་ཚད་གསར་པ་ཞིག་ཏུ་སླེབ་པ། སྐྱེ་ཁམས་དཔལ་ཡོན་སྒྲིག་གཞི་རྐྱེན་སྲོལ་སྔར་ལས་འཐུས་ཚང་ཡིན་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་སྲ་བརྟན་ཡིན་པ། ལྗང་མདོག་ཐོན་ལས་མ་ལག་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱེད་པ་དང་། སྐྱེ་ཁམས་ཐོན་སྐྱེད་འཚོ་བ་མཐུན་སྦྱོར་ངང་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཡོངས་ནས་ཐོག་མར་དབྱང་གཉིས་ཐན་རྫས་ཕྱིར་འབུད་ཚད་ཆེས་དམའ་བའི་ཚད་དུ་ཚོད་འཛིན་བྱེད་དགོས། རིགས་གསར་བའི་བཟོ་ལས་ཅན་དང་ཆ་འཕྲིན་ཅན། གྲོང་གསེབ་ཅན། ཞིང་ལས་དེང་རབས་ཅན་ཧ་ལམ་མངོན་འགྱུར་བྱེད་པ་དང་། ཁྱབ་ཁོངས་སྐོར་ཞིག་གི་གནད་འགག་ལག་རྩལ་ཐད་ནས་མཆོང་བརྒལ་གལ་ཆེན་མངོན་འགྱུར་བྱེད་པ། གསར་གཏོད་རང་བཞིན་གྱི་ཞིང་ཆེན་གྱི་གྲས་སུ་ཚུད་པར་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་དགོས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་དང་མཐུན་པའི་ལམ་ལུགས་མ་ལག་གྲུབ་པར་བྱེད་པ་དང་། ས་གནས་བཅོས་སྐྱོང་དེང་རབས་ཅན་དུ་བསྒྱུར་བ། ཁྲིམས་སྐྱོང་མཚོ་སྔོན་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱས་ནས་ཧ་ལམ་ཡོངས་འགྲུབ་བྱེད་པ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཆུ་ཚད་སྔར་ལས་མཐོན་པོར་སླེབ་པར་བྱེད་དགོས། སྤྱི་ཚོགས་དཔལ་ཡོན་ཆུ་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབ་པར་བྱེད་པ་དང་། རིག་གནས་གནས་སྐོར་ཞིང་ཆེན་གྲགས་ཅན་དང་མཐོ་སྒང་གི་ལུས་རྩལ་སྟོབས་ལྡན་ཞིང་ཆེན་གྱི་ཤན་ཤུགས་མངོན་གསལ་སྒོས་ཇེ་དྲག་ཏུ་གཏོང་དགོས། ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གསར་བ་གྲུབ་པར་བྱེད་པ་དང་། ཕྱི་ཕྱོགས་དཔལ་འབྱོར་མཉམ་ལས་ཁྲོད་ཞུགས་པའི་འགྲན་རྩོད་ཀྱི་དགེ་མཚན་གསར་པ་ཇེ་དྲག་ཏུ་གཏོང་དགོས། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་མཐོར་འདེགས་གཏོང་བ་དང་། ཡོང་སྒོ་འབྲིང་བའི་མི་ཚོགས་ཇེ་མང་དུ་འགྲོ་བ། གཞི་རྩའི་སྤྱི་ཐུན་ཞབས་ཞུ་དོ་མཉམ་དུ་བསྒྱུར་བ་མངོན་འགྱུར་བྱེད་དགོས། མི་དམངས་ཀྱི་འཚོ་བ་སྔར་ལས་དགའ་སྐྱིད་ལྡན་པ་དང་། མཁར་གྲོང་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱི་བར་ཐག་ཇེ་ཆུང་དུ་གཏོང་བ། མིའི་ཁྱོན་ཡོངས་འཕེལ་རྒྱས་དང་མཉམ་དུ་འབྱོར་ཕྱུག་ཏུ་བསྒྱུར་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ནས། རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པ་བཅས་ཀྱི་རེ་བ་བཏོན།

ཚོགས་ཐོག་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་མཚོ་སྔོན་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་བཏོན་པ་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་པ། ཐེངས་ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ། མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིང་ཞའོ་ཕིང་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་ཆོད་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་སྒོས་ལག་བསྟར་བྱེད་པ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་སྤེལ་བ། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་བརྗོད་དོན་དུ་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་གཙོ་ཐིག་ཏུ་བྱེད་པ། བཅོས་བསྒྱུར་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་བྱེད་པ། མི་དམངས་ཀྱི་ཉིན་རེ་བཞིན་འཕར་བཞིན་པའི་དགའ་སྐྱིད་འཚོ་བའི་དགོས་མཁོ་སྐོང་བ་རྩ་བའི་དམིགས་འབེན་དུ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ། བབ་བསྟུན་མདུན་སྐྱོད་ཀྱིས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་སྣེ་ཁྲིད་དུ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱེད་པ། ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་བྱས་ཏེ། ཧུར་ཐག་གིས་གསར་གཏོད་ཀྱི་སྣེ་ཁྲིད་དང་ལྗང་མདོག་གི་ཁྲིད་ཕྱོགས། སྒོ་འབྱེད་ཀྱི་སྣེ་ཁྲིད། མཐུན་སྦྱོར་མཉམ་བསྲེས། མཉམ་སྤྱོད་ཀུན་ཕན་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འགོ་བཟང་བོ་རྩོམ་པ་དང་གོམ་སྟབས་བཟང་བོ་བསྒྱུར་བ་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་གསར་བ་འབྲི་དགོས་པ་བཅས་རེད།

ཚོགས་ཐོག་ནས་མཚོ་སྔོན་གྱིས་དེང་རབས་ཅན་འཛུགས་སྐྲུན་གྱི་བགྲོད་ལམ་གསར་པ་འབྱེད་པའི་སྤྱིའི་བཀོད་སྒྲིག་བཏོན་པ་སྟེ། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་དང་། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་སྤུས་ལེགས་འཚོ་བ་བསྐྲུན་པར་སྐུལ་འདེད་གཏོང་བ། མཉམ་དུ་སའི་གོ་ལའི་སྣེ་གསུམ་པར་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་དཔལ་འབྱོར་དང་འཁོར་སྐྱོད་དཔལ་འབྱོར། གཞི་གྲངས་དཔལ་འབྱོར། སྟེགས་བུའི་དཔལ་འབྱོར་བཅས་དཔལ་འབྱོར་རྣམ་པ་བཞི་སྐྱེད་སྲིང་བྱེད་པ་དང་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་དང་རྒྱལ་ཁབ་དག་གཙང་ནུས་ཁུངས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས། མཐོ་སྒང་གི་མཛེས་སྡུག་གྲོང་གསེབ། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་དཔེ་སྟོན་ཞིང་ཆེན་ལྔ་འཛུགས་སྐྲུན་བྱེད་དགོས་པ་དེ་རེད།

ཚོགས་ཐོག་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་མཚོ་སྔོན་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་བཏོན་པ་སྟེ། ཉིས་སྟོང་སོ་ལྔ་ལོའི་ཡུན་རིང་གི་དམིགས་འབེན་ལ་དམིགས་པ་དང་། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་བཅས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། བདེན་སྲུང་དང་གསར་གཏོད་གཉིས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཡོངས་དང་མཉམ་དུ་མཐུན་སྦྱོར་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ནས། ཧུར་ཐག་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་སྔར་ལས་མཐོར་འདེགས་གཏོང་བ། སྤྱི་ཚོགས་དཔལ་ཡོན་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་བ། བཅོས་བསྒྱུར་སྒོ་འབྱེད་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བ། ས་གནས་བཅོས་སྐྱོང་ཕན་ནུས་སྔར་ལས་མཐོར་འདེགས་གཏོང་བ་བཅས་རེད།

ཚོགས་ཐོག་ནས་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ནི་འཕེལ་རྒྱས་སུ་གཏོང་བའི་གནད་འགག་དུས་སྐབས་དང་རིམ་སྤོར་དུས་སྐབས་ཡིན་པས། བར་སྟོང་དུས་ཚོད་དང་མཁོ་འདོན་དགོས་མཁོ། ནང་ཁུལ་དང་ཕྱི་རོལ། སྐྱེ་ཁམས་ཐོན་སྐྱེད་འཚོ་བ་སོགས་གཏན་ཚིགས་གལ་ཆེན་ལ་དམིགས་ནས་འཕེལ་རྒྱས་ཐད་དོ་སྙོམས་བཀོད་སྒྲིག་བྱེད་པ་དང་། ཚད་མཐའི་བསམ་བློ་དང་རྩོད་སྒྲུབ་བསམ་བློ། མ་ལག་བསམ་བློ་རྒྱུན་འཁྱོངས་བྱེད་པ། ཡོད་ཚད་གནས་ཚུལ་དངོས་ནས་འགོ་རྩོམ་པ་རྒྱུན་འཁྱོངས་བྱེད་པ། དངོས་ཐོག་བདེན་འཚོལ་བྱེད་པ། དོ་སྙོམས་བྱེད་གནས་དང་ཤུགས་འདོན་ས་ཁོང་དུ་ཆུད་པར་བྱེད་པ། ད་ལྟ་སྒྲུབ་བཞིན་པའི་བྱ་བ་དཀྱིལ་སྙིང་དུ་འཛིན་པ། དུས་ཡུན་རིང་འབྲིང་གི་དམིགས་འབེན་དམ་འཛིན་བྱེད་པ། རྩོད་སྒྲུབ་སྒོས་བསྒྲུབ་ཆོག་དང་བསྒྲུབ་མི་ཆོག་པའི་བྱ་བ་ཁོང་དུ་ཆུད་པར་བྱེད་པ། རང་བྱུང་གི་ཆོས་ཉིད་དང་སྤྱི་ཚོགས་ཀྱི་ཆོས་ཉིད། དཔལ་འབྱོར་གྱི་ཆོས་ཉིད། ཚོང་རའི་ཆོས་ཉིད་ལྟར་བྱ་བ་བསྒྲུབ་ནས། རྨང་གཞི་བརྟན་པོ་འདིང་བ་དང་གོ་རིམ་ལྡན་པ་དང་ཤུགས་ཡོད་པའི་སྒོ་ནས་ཡུན་རིང་ལ་འཆར་འགོད་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་དེ་གདམ་བསེས་དང་པོར་བརྩིས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྲེལ་བར་ངོས་འཛིན་བཟང་བོ་བྱེད་པ་དང་། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། བབ་བསྟུན་མདུན་སྐྱོད་བྱེད་པ། ཚད་མཐའ་སྲུང་བ་དང་རྩ་བ་དམ་འཛིན་བྱེད་པ། ཆུ་ཚད་མཐོར་འདེགས་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་རྨང་གཞི་བརྟན་པོ་འདིང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས། སྐྱེ་ཁམས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་དེར་སྐྱེ་ཁམས་དཔལ་ཡོན་གྱི་དབང་གིས་གསོན་ཤུགས་ལྡན་པར་བྱེད་དགོས། སྐྱེ་ཁམས་རང་རྟོགས་མཐོར་འདེགས་གཏོང་བ་དང་། སྐྱེ་ཁམས་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་མཐའ་གཅིག་ཏུ་ལེགས་བཅོས་བྱས་ཏེ། མཚོ་སྔོན་གྱི་འགན་འཁྲི་ཆེན་པོ་མི་རབས་ནས་མི་རབས་སུ་བརྒྱུད་སྒྲོག་བྱེད་དགོས། སྐྱེ་ཁམས་ལ་བརྟེན་ནས་རང་ཉིད་སྟོབས་ལྡན་དུ་བསྒྱུར་བ་མངོན་འགྱུར་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་འཚམ་པའི་ལམ་ལུགས་མ་ལག་དང་ཐོན་ལས་མ་ལག ཐོན་སྐྱེད་འཚོ་བའི་རྣམ་པ་གྲུབ་པར་བྱེད་པ། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བཟང་བོ་བྱེད་པ། འབྲི་ཆུའི་དཔལ་འབྱོར་ཁུལ་དང་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། རི་ལྗང་ཆུ་དྭངས་དེ་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་ཡུན་རིང་བོར་ལོངས་སྤྱོད་བྱེད་ཐུབ་པའི་གཅེས་ནོར་དུ་འགྱུར་བར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་སྤུས་ལེགས་འཚོ་བ་བསྐྲུན་རྒྱུ་དེ་དམིགས་འབེན་འཚོལ་སྙེག་ཏུ་བྱེད་པ་དང་། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡིན་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་སྤུས་ལེགས་འཚོ་བའི་འབྲེལ་བར་རྒྱུས་ལོན་བཟང་བོ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། གསར་གཏོད་རྒྱུན་འཁྱོངས་བྱེད་པ་ནི་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་གཙོ་བོ་དང་། མཐུན་སྦྱོར་ནི་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ནང་གནས་ཁྱད་ཆོས། ལྗང་མདོག་ནི་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོ་བའི་ཡོངས་ཁྱབ་ཀྱི་རྣམ་པ། སྒོ་འབྱེད་ནི་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་བགྲོད་ལམ་ལྡོག་མེད། མཉམ་སྤྱོད་ནི་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་རྩ་བའི་དམིགས་འབེན་བཅས་ཡིན། དཔལ་འབྱོར་བྱ་བའི་རང་འགུལ་དབང་ཆ་དམ་འཛིན་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་རྨང་གཞི་རྒྱུན་འཁྱོངས་བྱེད་པ། རྒྱུན་མཐུད་ངང་གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ། འགན་སྲུང་དྲུག་གི་ལས་འགན་ལག་བསྟར་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱིའི་ཕན་ནུས་མཐོར་འདེགས་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། དམངས་ཚིས་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ། དམངས་ཚིས་ཐད་ཀྱི་དཀའ་གནད་ཐག་གཅོད་པ། མཉམ་དུ་ཕྱུག་པོར་བསྒྱུར་བའི་གོ་རིམ་ཇེ་མགྱོགས་སུ་གཏོང་བ། རྒྱུན་མཐུད་ངང་སློབ་གསོ་དང་ལས་ཞུགས། སྨན་བཅོས། རྒན་གསོ། སྡོད་ཁང་སོགས་དམངས་ཚིས་དོན་དངོས་བཟང་བོར་བསྒྲུབ་སྟེ། རིགས་སོ་སོའི་མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་མཐོར་འདེགས་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སའི་གོ་ལའི་སྣེ་གསུམ་པར་སྲུང་སྐྱོབ་བྱེད་རྒྱུ་དེ་འགན་འཁྲི་ཆེས་ཆེན་པོར་བརྩིས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་བཅོས་སྐྱོང་མ་ལག་གི་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས། བྱེ་བྲག་དང་སྤྱིའི་འབྲེལ་བ་ཐག་གཅོད་པ་དང་། ཡང་རྩེར་སྙེག་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ལ་བརྟེན་ནས། མཚོ་སྔོན་གྱིས་བསྒྲུབ་འོས་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། སྟོབས་ཤུགས་ཡོད་རྒུས་སྐྱེམས་བདེ་འཇགས་ལྕགས་རི་བསྐྲུན་པ་དང་བདེ་འཇགས་འཕེལ་རྒྱས་སུ་གཏོང་བ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན། མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གི་ཐུན་མོང་ཚོགས་པ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་གཏོད། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་། དར་དང་བྱེ་ཐང་ཕྱོགས་བསྡུས་བཅོས་སྐྱོང་། སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོབ་བཅས་ཀྱི་མཐོ་ས་གསར་བ་བདུན་འཛུགས་སྐྲུན་བྱེད་པ། མཐོ་སྒང་གི་སྲོག་ཆགས་རྩི་ཤིང་དང་རི་ཆུ་ལ་སྲུང་སྐྱོབ་བཟང་བོ་བྱས་ཏེ།  མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དེང་རབས་ཅན་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་ངོམ་དགོས། མདོ་དབུས་མཐོ་སྒང་གི་ཚན་རིག་ཞིབ་དཔྱད་ཐེངས་གཉིས་པའི་ཁྲོད་ཞུགས་པ་དང་། མདོ་དབུས་མཐོ་སྒང་ཁུལ་ཁོངས་ཀྱི་ཞིང་ལྗོངས་བར་གྱི་མཉམ་ལས་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་བཏང་ནས། མདོ་དབུས་མཐོ་སྒང་སྟེ་ཆེས་མཐའ་མཇུག་གི་དག་ཞིང་འདི་སྔར་ལས་གཙང་དག་དང་སྔར་ལས་ལྷིང་འཇགས་ཡོང་བར་བྱེད་དགོས། མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་དམིགས་ནས། རྒྱལ་སྤྱིའི་སྲུང་སྐྱོབ་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། འཛམ་གླིང་ཡོངས་ཀྱི་བརྗེ་རེས་སྟེགས་བུ་བཙུགས་ཏེ། འཛམ་གླིང་ཡོངས་ཀྱིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དཔལ་འབྱོར་རྣམ་པ་བཞི་སྐྱེད་སྲིང་བྱེད་རྒྱུ་དེ་མངོན་སུམ་གྱི་བགྲོད་ལམ་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་དང་། རྒྱུན་འཛིན་དང་གསར་གཏོད་ཀྱི་འབྲེལ་བ་ཐག་གཅོད་པ། སྒུལ་ནུས་གསར་རྙིང་བསྒྱུར་བའི་ལམ་བཏོད་པ། རྒྱུན་འཛིན་ཁྲོད་གསར་གཏོད་བྱེད་པ་དང་། གསར་གཏོད་ཁྲོད་མཐོར་འདེགས་གཏོང་བ། དེང་རབས་ཐོན་ལས་ཀྱི་གྲུབ་ཚུལ་ལ་བརྟེན་ནས་འཕེལ་རྒྱས་གསར་བའི་རྣམ་པའི་ཁྲོད་འདྲེས་པར་བྱེད་པ། དེང་རབས་ཐོན་ལས་མ་ལག་ལ་བརྟེན་ནས་མ་འོངས་འཕེལ་རྒྱས་ཀྱི་དགེ་མཚན་བསྐྲུན་ནས། སྐྱེ་ཁམས་དང་འཁོར་སྐྱོད། གཞི་གྲངས། སྟེགས་བུ་བཅས་དཔལ་འབྱོར་རྣམ་པ་བཞིའི་འཕེལ་རྒྱས་ཀྱི་ལམ་གསར་བ་རུ་བསྐྱོད་དགོས། མཚོ་སྔོན་གྱི་དགེ་མཚན་དང་འདེགས་སྐྱོར་སྔོག་འདོན་བཟང་བོ་བྱས་ཏེ། སྐྱེ་ཁམས་དཔལ་འབྱོར་གྱི་འཕར་སྣོན་སྣེ་འཛུགས་སྐྲུན་བྱེད་དགོས། མཚོ་སྔོན་གྱི་སྲོལ་རྒྱུན་དང་རྨང་གཞི་མཐོར་འདེགས་གཏོང་བ་དང་། འཁོར་སྐྱོད་བཟང་བོའི་ཐོན་ལས་འབྲེལ་ཐག་རྒྱ་བསྐྱེད་དགོས། མཚོ་སྔོན་གྱི་ཆ་རྐྱེན་དང་དགེ་མཚན་བསྒྱུར་ནས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་འགོ་གསར་བ་རྩོམ་དགོས། མཚོ་སྔོན་གྱི་གོ་སྐབས་དང་བར་སྟོང་བེད་སྤྱོད་བཟང་བོ་བྱས་ཏེ། མཉམ་ལས་གཉིས་རྒྱལ་གྱི་ལམ་བུ་གསར་བ་བཏོད་དགོས། དཔལ་འབྱོར་རྣམ་པ་བཞི་རྒྱུན་མཐུད་ངང་སྐྱེད་སྲིང་བྱེད་པ་བརྒྱུད་དེ། སྤུས་ཚད་སྔར་ལས་མཐོ་བའི་མཁོ་འདོན་འདོན་སྤྲོད་བྱེད་པ་དང་། དགོས་མཁོས་མཁོ་འདོན་ལ་སྣེ་ཁྲིད་བྱེད་པ་དང་མཁོ་འདོན་གྱིས་དགོས་མཁོ་བསྐྲུན་པའི་ཆུ་ཚད་སྔར་ལས་མཐོ་བའི་འགུལ་རྣམ་དོ་མཉམ་གྲུབ་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དཔེ་སྟོན་ཞིང་ཆེན་ལྔ་འཛུགས་སྐྲུན་བྱེད་རྒྱུ་དེ་སྤྱིའི་འཐབ་ཇུས་སུ་བྱས་ཏེ། རིགས་སོ་སོའི་མང་་ཚོགས་ཀྱིས་མཐོང་ཐུབ་པ་དང་རེག་ཐུབ་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས། འཚོལ་ཞིབ་དང་དཔེ་སྟོན་གྱི་འབྲེལ་བར་གཟིགས་སྐྱོང་བཟང་བོ་བྱེད་པ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་བསྒྲུབ་ཐུབ་པ་རྒྱུན་འཁྱོངས་བྱེད་པ་མ་ཟད། མང་ཚོགས་ཀྱི་རེ་སྒུག་དང་མ་འོངས་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མཚོ་སྔོན་གྱི་ཁྱད་དུ་འཕགས་པའི་སྐྱེ་ཁམས་གོ་གནས་དང་ཡང་བསྐྱར་བཀོལ་ཆོག་པའི་ནུས་ཁུངས་ཐོན་ཁུངས། འཛམ་གླིང་སྟེང་གི་གནོད་པ་མེད་པའི་དག་ཞིང་བཞི་དང་རྒྱལ་ཡོངས་ཀྱི་ཕྱུགས་ར་ཆེན་པོ་བཞིའི་གྲས་ཀྱི་གཅིག མཐོ་སྒང་གི་རི་ཆུ་མི་གཞུང་གི་དགེ་མཚན། མི་རིགས་འགྲིག་མཐུན་དང་ཆོས་ལུགས་ཞི་འཇགས། སྤྱི་ཚོགས་འཆམ་མཐུན་གྱི་གཞི་རྩའི་གནས་ཚུལ་བཅས་དམིགས་སུ་འཛིན་པ། རྒྱལ་ཁབ་སྤྱི་གླིང་དང་དག་གཙང་ནུས་ཁུངས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས། མཐོ་སྒང་གི་མཛེས་སྡུག་གྲོང་གསེབ། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་དཔེ་སྟོན་ཞིང་ཆེན་ལྔ་འཛུགས་སྐྲུན་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་དེ་མཚོ་སྔོན་གྱི་མིང་བྱང་བཟང་བོར་འགྱུར་བར་བྱེད་པ་དང་། དག་གཙང་ནུས་ཁུངས་དེ་མཚོ་སྔོན་གྱི་སྒོ་རྟགས་སུ་འགྱུར་བར་བྱེད་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དེ་མཚོ་སྔོན་གྱི་ཚོང་རྟགས་གྲགས་ཅན་དུ་འགྱུར་བར་བྱེད་པ། མཛེས་སྡུག་གྲོང་གསེབ་དེ་མཚོ་སྔོན་གྱི་འདྲེན་བྱེད་གལ་ཆེན་དུ་འགྱུར་བར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་མཚོ་སྔོན་དར་རྒྱས་གོང་འཕེལ་དུ་གཏོང་བའི་མཚོན་རྟགས་མངོན་གསལ་དུ་འགྱུར་བར་བྱེད་པ་བཅས་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། མཚོ་སྔོན་གསར་པའི་འཛུགས་སྐྲུན་གྱི་སྔར་ལས་མཛེས་པའི་མ་འོངས་པ་ཧུར་ཐག་གིས་བསྐྲུན་དགོས། མཚོ་སྔོན་གསར་པའི་སྙིང་སྟོབས་རྒྱུན་འཛིན་གྱིས་དུས་རབས་གསར་པའི་མཚོ་སྔོན་གསར་པའི་མདུན་སྐྱོད་ཀྱི་ལོ་རྒྱུས་ཞིབ་མོར་འབྲི་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་རྗེས་དམ་དུ་སྙེགས་ཤིང་། ཏང་ཀྲུང་དབྱང་གི་འགྲོས་དང་བསྟུན་ནས། རང་རྟོགས་ཆེན་པོས་བསམ་བློ་དང་། ཆབ་སྲིད། སྦྱོར་བ་བཅས་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། སེམས་ཤུགས་གཅིག་མཐུན་དང་འབད་འཐབ་ལྷོད་མེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་ལེན་པར་མཚོ་སྔོན་གྱི་བྱས་རྗེས་འབུལ་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བཅངས་པ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མི་རིགས་མཐུན་སྒྲིལ་གྱི་གཟི་བརྗིད་ལྡན་པའི་གོམས་སྲོལ་དར་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བཅངས་པར་སློབ་སྟོན་གནང་ནས། རྒྱལ་ཁབ་ལ་གཅེས་པའི་བརྩེ་བ་དང་རྒྱལ་ཁབ་དར་རྒྱས་ཀྱི་འདུན་པ། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྦྱོར་བ་བཅས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རླབས་ཆེན་འབད་འཐབ་ཁྲོད་འདྲེས་པར་བྱེད་པ་དང་། རང་ཉིད་ཀྱི་ལས་དབང་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་དམ་དུ་སྦྲེལ་བ། རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་བརྩེ་བའི་སེམས་དང་དད་པའི་སྟོབས་དེ་སྲོག་རྩ་དང་ཁྲག་རྩའི་སྦུབས་སུ་འཐིམ་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་དང་ཕུགས་འདུན་གསར་པ་མཉམ་དུ་བསྐྲུན་དགོས། མཐུན་སྒྲིལ་དམ་པོས་མདུན་དུ་བསྐྱོད་ནས། དུས་རྟག་ཏུ་སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་པ་དང་དོན་དག་འགྲུབ་པར་བྱེད་དགོས་ལ། དམིགས་འབེན་ལྷོད་པ་མེད་པར་བརྩོན་སེམས་ཆེན་པོས་ཡང་རྩེར་སྙེག་པ་དང་། སེམས་ཤུགས་དང་བརྩོན་སེམས་གཅིག་ཏུ་བཏོན་ནས་དོན་སྒྲུབ་ལས་སྐྲུན་གྱི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུས་ཁྱོན་ཡོངས་ལ་གཅིག་འདོམས་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པ་དང་། རིམ་པ་སོ་སོའི་དམངས་ཆེན་གྱིས་ཁྲིམས་འཛུགས་ལ་ཤུགས་སྣོན་དང་ཕན་ནུས་ལྡན་པའི་ལྟ་སྐུལ་བྱེད་པ། རིམ་པ་སོ་སོའི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། རིམ་པ་སོ་སོའི་སྲིད་གྲོས་ཀྱིས་བློ་འདོན་ཇུས་འབུལ་དང་སྲིད་ཞུགས་སྲིད་གླེང་བྱེད་པ། རིམ་པ་སོ་སོའི་མང་ཚོགས་རྩ་འཛུགས་ཀྱིས་སྙིགས་དོར་བཅུད་ལེན་དང་ཁྱད་སྟོབས་འདོན་སྤེལ་བྱེད་པ། ལས་རིགས་སོ་སོས་ལས་གནས་ལ་རྐང་འཛུགས་པ་དང་བྱས་རྗེས་མང་ཙམ་འཇོག་པ་བཅས་བྱེད་དགོས། རླབས་ཆེན་ཇུས་འགོད་ལག་བསྟར་མཐའ་འཁྱོལ་བྱེད་དགོས་ཏེ། ཞིང་ཆེན་ཡོངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་བཀོལ་སྤྱོད་བཟང་པོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་བདེ་སྐྱིད་རེ་སྙེག་ལ་ལན་བཟང་པོ་བཏབ་ནས། ཞིང་ཆེན་ཏང་ཨུའི་འཆར་འགོད་གྲོས་གཞི་གཞིར་བཟུང་སྟེ། ཟུང་སྦྲེལ་དང་བསྒྱུར་སྤེལ་གྱི་སྟེང་དུ་ནུས་ཤུགས་འདོན་པ་དང་། འཆར་འགོད་རྩ་གནད་གཏན་འབེབས་བཟང་པོ་དང་། ཆེད་དོན་འཆར་འགོད་སྒྲིག་བཟོ་བཟང་པོ་བྱས་ཏེ། མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ལག་ལེན་དངོས་ལ་ཁྲིད་སྟོན་བྱེད་དགོས་ཤིང་། ལོ་རེ་ནས་ལོ་རེར་རྒྱུན་འཁྱོངས་དང་ལོ་རེ་ནས་ལོ་རེར་མདུན་སྐྱོད་བྱས་ཏེ་ལོ་རེ་རེར་གོང་འཕེལ་གསར་པ་འབྱུང་བར་བྱེད་དགོས། ཏང་ཕྱོགས་ཡོངས་ནས་ནན་མོར་སྐྱོང་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་པའི་ཆེད་ལས་ཅན་གྱི་ཆུ་ཚད་ཧུར་ཐག་གིས་ཇེ་མཐོར་བཏང་ནས། ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་པའི་ལམ་ལུགས་ཀྱི་ཁྱད་སྟོབས་དེ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་ནན་མོ་བྱེད་པ་དང་། ཏང་གིས་ཏང་ལ་དོ་དམ་དང་ཏང་ཕྱོགས་ཡོངས་ནས་ནན་མོར་སྐྱོང་བའི་བླང་བྱ་དོན་འཁྱོལ་ཟབ་མོ་བྱས་ཏེ། སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་རྒོལ་བ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས། མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པར་རྩ་འཛུགས་ཀྱི་འགན་སྲུང་དང་སྒྲིག་ཁྲིམས་ཀྱི་འགན་སྲུང་། སྤྱོད་ཚུལ་གྱི་འགན་སྲུང་བཅས་འདོན་སྤྲོད་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་ཉིས་སྟོང་ཉི་ཤུ་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བྱ་བར་ཕྱིར་ལྟ་དང་སྤྱི་སྡོམ་བྱས་ཏེ་བསྟན་དོན། འདས་ལ་ཉེ་བའི་ཉིས་སྟོང་ཉི་ཤུ་ལོ་ནི་མཚོ་སྔོན་གྱི་འཕེལ་རྒྱས་ལོ་རྒྱུས་སྟེང་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ལ། འབད་བརྩོན་ལྷོད་མེད་དང་དཀའ་ངལ་ཁྱད་སེལ་ཁྲོད་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་པའི་ལོ་ཞིག་ཡིན། གློ་བུར་དུ་བྱུང་ཞིང་ལོ་བརྒྱར་མཐོང་མ་མྱོང་བའི་པྲོ་གསར་གློ་ཚད་རིམས་ནད་ཀྱི་མདུན་ནས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་ཀྱིས་རིམས་ནད་འགོག་སྡོམ་གྱི་མི་དམངས་ཀྱི་དམག་འཁྲུག་དང་སྤྱིའི་དམག་འཁྲུག འགོག་རྒོལ་དམག་འཁྲུག་བཅས་མྱུར་དུ་བརྒྱབ་ནས། རྒྱལ་ཡོངས་ནས་ཆེས་སྔ་མོར་ནད་དཔེ་གཏན་ཁེལ་བྱེད་པ་དང་། འབྲེལ་ཐུག་མཁན་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་པ། རིམས་ནད་ཕོག་སར་དུག་སེལ། འགོག་སྡོམ་ཁུལ་གཙོ་བོ། འགོག་སྡོམ་ཁུལ་གཙོ་བོ་མ་ཡིན་པ་བཅས་གཙང་སེལ་ལྔ་མངོན་འགྱུར་བྱས་ནས། རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པར་མཚོ་སྔོན་གྱི་བྱས་རྗེས་བཞག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བ་གཅིག་འདོམས་ཀྱིས་སྤེལ་བ་དང་། གཏན་འཇགས་དྲུག་གི་བྱ་བ་ཏན་ཏིག་གིས་བཟང་བོར་བསྒྲུབས་པ། འགན་སྲུང་དྲུག་གི་ལས་འགན་དོན་འཁྱོལ་བྱས་ནས། ལས་ཐོན་སླར་གསོ་ཧུར་ཐག་གིས་སྤེལ་བ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་མཁྲེགས་གཏོར་གྱི་འཐབ་འཛིང་ཆེན་པོ་གསུམ་བཟང་པོར་སྤེལ་བ། དཔལ་འབྱོར་གྱི་བརྟན་བརླིང་འཁོར་སྐྱོད་ལ་ཡར་སྐུལ་བྱེད་པ། ཐོན་ལས་སྒྲིག་གཞི་མྱུར་དུ་ལེགས་སྒྱུར་བྱེད་པ། བཅོས་སྒྱུར་སྒོ་འབྱེད་བསྟུད་མར་ཟབ་མོར་སྤེལ་བ། སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བསྐྲུན་པ། དམངས་ཚིས་བདེ་སྐྱིད་ཧུར་ཐག་གིས་ཇེ་ཆེར་གཏོང་བ་བཅས་བྱས་པས། བརྡབ་གསིག་དང་དཀའ་ངལ་ཁྲོད་ནས་དཔལ་འབྱོར་རིམ་བཞིན་སླར་གསོ་བྱུང་བ་དང་གོང་འཕེལ་བྱུང་ནས་གྲུབ་འབྲས་ངོ་མཚར་ཅན་མི་ཉུང་བ་བླངས་ཡོད། ལག་ལེན་ལས་གཙོ་འཛིན་གྱི་དགོངས་པ་ནི་སྤོབས་པ་ཆེན་པོས་མདུན་དུ་སྐྱོད་པའི་རྩ་བའི་མཛུབ་སྟོན་ཡིན་པ་དང་། ཏང་གི་འགོ་ཁྲིད་ནི་དཀའ་ངལ་ལས་རྣམ་པར་རྒྱལ་བར་བྱེད་པའི་ཐབས་མཆོག་ཡིན་ཞིང་། སྐྱེ་ཁམས་སྲུང་སྐྱོབ་ནི་འདོར་ཐབས་མེད་པའི་འགན་འཁྲི་ཆེན་པོ་ཡིན་ལ། ལྗང་མདོག་འཕེལ་རྒྱས་ནི་མ་འོངས་པར་ཕྱོགས་པའི་བགྲོད་ལམ་ལྡོག་མེད་ཡིན་པ་དང་། མི་དམངས་བླ་ན་མེད་པ་ནི་བྱ་བ་ཡོད་ཚད་ཀྱི་རིན་ཐང་སྙེག་ཕྱོགས་ཡིན་པ་བདེན་དཔང་བྱས་ཡོད།

ཚང་འཛོམས་གྲོས་ཚོགས་སྟེང་རང་ཞིང་གི་སང་ལོའི་དཔལ་འབྱོར་བྱ་བའི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱས་ཏེ་ནན་གྱིས་བསྟན་དོན། སང་ལོ་ནི་ཏང་བཙུགས་ནས་ལོ་ངོ་བརྒྱ་ལོན་པའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་བགྲོད་ལམ་གསར་པ་འབྱེད་པའི་ལོ་ཡིན་པས། དེང་སྐབས་འཛམ་གླིང་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་འཕྲད་ཡོད་པ་དང་། རང་རྒྱལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དུས་རིམ་དུ་སླེབས་ཡོད་པ། མཚོ་སྔོན་གྱི་འཕེལ་རྒྱས་ལ་ཕྱོགས་མང་པོའི་ཁྱད་སྟོབས་དང་ཆ་རྐྱེན་ལྡན་པ་བཅས་ལ་དོ་སྣང་ཟབ་མོ་དང་ངོས་འཛིན་ཡང་དག་བྱས་ཏེ། ཆ་ཚང་དང་རྩོད་སྒྲུབ། ཡུན་རིང་གི་མིག་རྒྱ་བཅངས་ནས་གནས་བབ་ལ་དབྱེ་ཞིབ་བྱེད་པ་དང་། གོ་སྐབས་དམ་འཛིན་དང་དཀའ་ངལ་གདོང་གཏོད། ཕན་གཉེར་གནོད་གཡོལ་བཅས་བྱས་ཏེ། ཡིད་ཆེས་སྔར་ལས་བརྟན་པོ་དང་བརྩོན་པ་སྔར་ལས་ཆེན་པོས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་བསྟུད་མར་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སང་ལོའི་དཔལ་འབྱོར་སྤྱི་ཚོགས་བྱ་བ་བཟང་པོར་བསྒྲུབ་ན། གནད་ས་འབུར་ཐོན་དང་ཁྱོན་ཡོངས་གཅིག་འདོམས་ཀྱིས་ཕྱོགས་བདུན་གྱི་བྱ་བ་ཧུར་ཐག་གིས་དམ་འཛིན་བཟང་པོ་བྱེད་དགོས་ཏེ། གཅིག ཧུར་ཐག་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ལངས་གནས་མཐོན་པོས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན། བླང་བྱ་མཐོན་པོས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ། ཚད་གཞི་མཐོན་པོས་སྦགས་བཙོག་འགོག་བཅོས་སྤེལ་བ། སྤུས་ཚད་མཐོན་པོས་མུ་རི་གཏེར་ཁུལ་དང་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་སྔོན་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་། ཆུ་ཚད་མཐོན་པོས་ལམ་ལུགས་གསར་སྐྲུན་ཟབ་སྤེལ་བཅས་བྱེད་དགོས། གཉིས། དཔལ་འབྱོར་གཏན་འཇགས་ཀྱིས་འཕར་བར་ཡར་སྐུལ་བྱེད་པ་དང་། མ་རྩ་འཕར་བའི་རྗེས་ཤུགས་ཇེ་དྲག་ཏུ་གཏོང་བ། འཛད་སྤྱོད་ཀྱི་ནུས་པ་མྱུར་དུ་བསྐྱེད་པ། བཟོ་ལས་འཁོར་སྐྱོད་ཧུར་ཐག་གིས་གཏན་འཇགས་སུ་གཏོང་བ་བཅས་བྱེད་དགོས། གསུམ། སྒུལ་ནུས་གསར་རྙིང་མྱུར་དུ་སྦྲེལ་མཐུད་བརྗེ་སྤོར་བྱེད་པ་དང་། གསར་གཏོད་ཀྱི་སྲོག་ཤིང་གོ་གནས་འབུར་དུ་ཐོན་པར་བྱེད་པ། སྲོལ་རྒྱུན་ཐོན་ལས་མྱུར་དུ་བསྒྱུར་བཀོད་རིམ་སྤོར། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་རྒྱ་བསྐྱེད་བཅས་བྱེད་དགོས། བཞི། བཅོས་སྒྱུར་སྒོ་འབྱེད་ཀྱིས་ཕན་ཚུན་ཡར་སྐུལ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་གི་འགན་ནུས་མྱུར་དུ་བསྒྱུར་བ། ཁྲོམ་རའི་གཙོ་ཤུགས་སྣ་ཚོགས་ཀྱི་གསོན་ཤུགས་བསྐྱེད་པ། ནོར་ཁྲལ་དངུལ་རྩའི་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ། ཕྱི་ནང་སྒོ་འབྱེད་ཀྱི་ཆུ་ཚད་མཐོར་འདེགས་བཅས་བྱེད་དགོས། ལྔ། ཞིང་ལས་དང་ཞིང་སྡེ་དམིགས་བསལ་དུ་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པ་དེ་གྲོང་གསེབ་དར་རྒྱས་དང་ཕན་ནུས་ལྡན་པར་སྦྲེལ་མཐུད་བྱེད་པ། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་ཕན་འབྲས་མཐོར་འདེགས་བྱེད་པ། གྲོང་གསེབ་འཛུགས་སྐྲུན་གྱི་འགུལ་སྐྱོད་ལག་བསྟར་བྱེད་པ། འབྲུ་རིགས་ཐོན་སྐྱེད་བྱ་བ་བཟང་པོར་བསྒྲུབ་པ། གྲོང་གསེབ་བཅོས་སྒྱུར་བསྟུད་མར་ཟབ་སྤེལ་བྱེད་པ་བཅས་བྱེད་དགོས། དྲུག ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་རྣམ་པ་གསར་པའི་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁོངས་བར་སྟོང་གི་གསར་སྤེལ་སྲུང་སྐྱོབ་རྣམ་པ་ལེགས་སྒྱུར་བྱེད་པ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་སྲོག་ཤིང་ཡིན་པའི་རྣམ་པ་གསར་པའི་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་བ། ཁང་སའི་ཐོན་ལས་ཁྲོམ་ར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་ཡར་སྐུལ་བཅས་བྱེད་དགོས། བདུན། མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་གཏན་འཇགས་དང་རྒྱ་སྐྱེད་གཏོང་བ། སློབ་གསོའི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད་པ། བདེ་ཐང་གི་མཚོ་སྔོན་འཛུགས་སྐྲུན་ཟབ་མོར་སྤེལ་བ། རིག་གནས་ལུས་རྩལ་ལས་དོན་དར་རྒྱས་གོང་འཕེལ་གཏོང་བ། རིམ་པ་མང་པོའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་འཛུགས་པ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་བསྣན་ནས་གསར་གཏོད་བཅས་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་དངོས་གཉེར་བདེན་འཚོལ་གྱི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱེད་པ་དང་། དུས་རྟག་ཏུ་ཡར་བརྩོན་ལྷོད་མེད་ཀྱི་རྣམ་འགྱུར་བཅངས་ནས། ཡུན་རིང་ལ་དམིགས་པར་མ་ཟད་མིག་སྔར་རྐང་བཙུགས་ནས། བསམ་བློ་དང་སྦྱོར་བ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། སེམས་ཞིབ་མོས་སྦྱོང་བ་དང་། ཤུགས་བཏོན་ནས་འཛིན་པ། བརྩོན་པ་བསྐྱེད་ནས་སྒྲུབ་པ་བཅས་བྱས་ཤིང་། སྦྱོང་བ་དང་འཛིན་པ། བརྩོན་པ་བཅས་ལས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཞིབ་མོ་དང་ཟབ་མོ། ནན་མོ་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱ་བ་སྤེལ་ནས། ཕྱི་ནས་མཆེད་པ་འགོག་པ་དང་ནང་ནས་བསྐྱར་འཕར་འགོག་པ་དམ་འཛིན་ལྷོད་མེད་ཀྱིས་དོགས་ཟོན་མཐོར་འདེགས་བྱེད་པ་དང་། མགོ་ནས་མཇུག་བར་གཟབ་ནན་བྱེད་པ། ཞིབ་མོར་འཛིན་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བརྩིགས་ནས། དཔལ་འབྱོར་སྤྱི་ཚོགས་བསྟུད་མར་བཟང་ཕྱོགས་སུ་འཕེལ་བ་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་གཏན་འཇགས་ཡིན་པ་གོ་རིམ་ལྡན་པར་བྱེད་དགོས། ལུགས་གསར་རྙིང་གི་ལོ་སར་གྱི་བྱ་བར་བཀོད་སྒྲིག་བཟང་པོ་བྱས་ཏེ། མི་དམངས་བླ་ན་མེད་པ་དང་། མ་ལག་ལྡན་པའི་བསམ་གཞིགས། སྤྱོད་བཟང་སྒྲིག་ནན། ལས་གནས་ལ་བློ་དཀར་བ་བཅས་རྒྱུན་འཁྱོངས་ཀྱིས་གོ་རིམ་ལྡན་ཞིང་ནུས་པ་ཡོད་ལ་ཕན་ནུས་ཆེ་བའི་སྒོ་ནས་བྱ་བ་དོན་འཁྱོལ་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་ཉིས་སྟོང་ཉི་ཤུ་ལོའི་ལས་བྱེད་པ་བསྐོ་འཇོག་བཀོལ་སྤྱོད་བྱ་བ་དང་ལོ་འདིར་བསྐོ་འཇོག་བཀོལ་སྤྱོད་བྱས་པའི་གཙོ་འགན་ཁུར་བའི་འགོ་ཁྲིད་ལས་བྱེད་པར་དམངས་གཙོའི་དཔྱད་མོལ་བྱས་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ཏང་ཨུ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་གསར་པ་གཉིས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱིས་གཞི་རིམ་གྱི་ཏང་འཛུགས་བྱ་བའི་འགན་འཁྲིའི་ལམ་ལུགས་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་བཅས་ལག་བསྟར་བྱས་པའི་གནས་ཚུལ་ཐད་ནས་སྙན་ཞུ་འབུལ་བ་དང་། དཔྱད་སྡུར་བྱེད་པ། ཡུལ་དངོས་ནས་གདེང་འཇོག་བྱེད་པ་བཅས་བྱས། ཚོགས་འདུའི་སྟེང་ཏང་གི་རིམ་པ་སོ་སོའི་རྩ་འཛུགས་དང་འགན་ཁུར་བློ་མཐུན་གཙོ་བོས་གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བ་རྒྱུན་འཁྱོངས་ཀྱིས་སྣེ་ཁྲིད་ནས་སྲུང་སྐྱོབ་གཉིས་དོན་འཁྱོལ་དང་། སྣེ་ཁྲིད་ནས་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ། སྣེ་ཁྲིད་ནས་རྩ་འཛུགས་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྣེ་ཁྲིད་ནས་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་རྒོལ་བ། སྣེ་ཁྲིད་ནས་ཏང་འཛུགས་སྐྲུན་འགན་འཁྲི་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། ཏང་གི་འཛུགས་སྐྲུན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་རྒྱུན་མ་ཆད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་མི་སྣ་མངགས་ནས་ཚོགས་འདུར་མཛུབ་སྟོན་བྱས་པ་དང་། རང་ཞིང་གིས་གཞི་རིམ་ཏང་འཛུགས་བྱ་བར་བླངས་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། རྗེས་ཕྱོགས་ཀྱི་བྱ་བ་བཟང་པོར་བསྒྲུབ་པར་བླང་བྱ་ལྔ་བཏོན། གཅིག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་སྦྱོང་སློབ་གསོ་བསྟུད་མར་ཟབ་མོར་སྤེལ་ནས། སློབ་སྦྱོང་ལག་བསྟར་ཞིབ་མོ་དང་ནན་མོ་བྱེད་དགོས། གཉིས། སྦྱོར་བ་དངོས་ལས་ཏང་བཙུགས་ནས་ལོ་ངོ་བརྒྱ་ལོན་པར་བསུ་བ་བྱེད་པའི་བྱ་འགུལ་ཟབ་མོར་སྤེལ་ནས། གནས་བབ་གསར་པ་འབྱེད་པའི་སྣང་ཚུལ་ཟབ་མོ་བསྐྲུན་དགོས། གསུམ། གཞི་རིམ་གྱི་ཏང་འཛུགས་ལས་འགན་གཙོ་བོ་ཏན་ཏིག་གིས་སྒྲུབ་པ་བསྟུད་མར་ཟབ་མོར་སྤེལ་ནས། ཏང་འཛུགས་ཀྱིས་གྲོང་གསེབ་དར་རྒྱས་དང་། ཡུལ་ཚོ་དང་སྡེ་བའི་སྐབས་བརྗེ། གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་བཅས་ལ་སྐུལ་འདེད་གཏོང་བ་སོགས་བྱ་བར་ཕན་འབྲས་ལེན་དགོས། བཞི། ཞན་ཆ་གསབ་པ་བསྟུད་མར་ཟབ་མོར་སྤེལ་ནས། གཞི་རིམ་གྱི་ཏང་འཛུགས་བྱ་བ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས། ལྔ། ཏང་འཛུགས་བྱ་བའི་འགན་འཁྲི་སྔར་ལས་བསྟུད་མར་ཟབ་མོར་སྤེལ་ནས། བྱ་བ་སོ་སོའི་ཐད་རྒྱུན་ཆད་མེད་པར་རྣམ་པ་གསར་པ་བསྐྲུན་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ་དང་། དངོས་འཛིན་བདེན་སྒྲུབ་དང་ཡར་བརྩོན་ལྷོད་མེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལོ་རྒྱུས་ཧུར་ཐག་གིས་བྲིས་ནས། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་ངོ་བརྒྱ་ལོན་པར་བསུ་མ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་དང་། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོ། རྫོང་སོ་སོའི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ། མཚོ་སྔོན་དུ་ཡོད་པའི་ཀྲུང་དབྱང་གི་ལས་ཁུངས། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་ཀྱི་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ། རང་ཞིང་གི་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་པའི་འཐུས་མི། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མི་ཁ་ཤས་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཕྱུག་ལོ་དང་རིན་ཆེན་མཚོས་བསྒྱུར།