ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བར་བླང་བྱ་བཏོན་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་སྒྱུར་ལས་རྐང་ན་དཀའ་སྡུག་གི་རྔུལ་ཆུ་ཕངས་མེད་དུ་གཏོར་བའི་བློ་མཐུན་ཚོར་ལྷག་བསམ་རྣམ་དག་གི་སྒོ་ནས་འཚམས་འདྲི་བྱས་པ་དང་བཀའ་དྲིན་ཆེ་ཞུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་བྱ་བར་བླང་བྱ་བཏོན།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་གྲོས་ཚོགས་ནི་རྒྱལ་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་གྲོས་ཚོགས་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། གྲོས་ཚོགས་འདི་བཟང་བོར་བསྒྲུབ་རྒྱུ་ནི་ད་ལོའི་བྱ་བའི་གྲུབ་འབྲས་དང་ཉམས་མྱོང་ལ་སྤྱི་སྡོམ་བྱེད་པ་དང་། མུ་མཐུད་དུ་སང་ལོའི་བྱ་བར་འབད་འཐབ་བྱེད་པ། མཚོ་སྔོན་གསར་པ་བསྐྲུན་པ་དང་ལོ་རྒྱུས་གསར་པ་རྩོམ་རྒྱུ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། རེ་བ་ཡིན་ན་བློ་མཐུན་རྣམས་ཀྱིས་མུ་མཐུད་དུ་སྲོལ་རྒྱུན་བཟང་བོ་དར་སྤེལ་གཏོང་བ་དང་བསམ་བློ་བཅིངས་འགྲོལ་བྱེད་པ། དངོས་ཐོག་བདེན་འཚོལ་བྱེད་པ། དུས་བསྟུན་མདུན་སྐྱོད་བྱེད་པ། བདེན་སྲུང་གསར་གཏོད་བྱེད་པ་བཅས་ལ་འབད་དེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་བར་སྐུལ་འདེད་གཏོང་བ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་འབད་འཐབ་བྱེད་དགོས།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ད་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་སྒྱུར་མ་ལག་གིས་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱས་ཏེ། རིམས་འགོག་དང་ལས་ཐོན་སླར་གསོ་ཡོང་བར་ཤུགས་བསྣན་པ་དང་འཁོར་རྒྱུག་བྱ་བར་སྐུལ་འདེད་བཏང་བ། ལས་གཞིའི་དངུལ་གཏོང་དམ་པོར་བཟུང་བ། བརྟན་འཇགས་དྲུག་དང་འགན་སྲུང་དྲུག་གི་བྱ་བར་སྟོབས་ཤུགས་གཅིག་ཏུ་བསྡུས་པ། གནད་སར་དམིགས་ནས་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ། མཐུན་སྦྱོར་ལ་ཤུགས་བསྣན་ནས་མཇུག་སྒྲིལ་བར་སྐུལ་འདེད་བཏང་བ་བཅས་བྱས་མཐར། འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཐད་སྤུས་ཚད་མཐོ་བའི་གྲུབ་འབྲས་བླངས་ཡོད། ལོ་གསར་པའི་ནང་དུ། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས་སྡེ་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་ཇུས་ལག་ལེན་མཐར་ཕྱིན་བྱེད་དགོས་པར་མ་ཟད། འཕེལ་རྒྱས་གསར་པའི་དུས་རིམ་ནས་རྐང་ཚུགས་པར་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་གསར་པའི་རྣམ་པ་སིམ་འདྲེས་ཡོང་བར་བྱེད་པ། བརྟན་འཇགས་དྲུག་དང་འགན་སྲུང་དྲུག་དམ་པོར་འཛིན་པ། གོ་སྐབས་བརྩོན་ལེན་བྱེད་མཁས་པ་བཅས་བྱས་མཐར། མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་ཡག་པོ་ཞིག་རྩོམ་པར་བྱས་རྗེས་གང་ཡོད་འཇོག་དགོས།
ལིས་ཅེ་ཞང་གིས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོ། འཕེལ་རྒྱས་དང་བཅོས་སྒྱུར་སྡེ་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལ་གོ་བ་མ་ནོར་བླངས་ནས། སེམས་ཤུགས་དང་སྟོབས་ཤུགས་ཅི་ཡོད་གཅིག་ཏུ་བསྒྲིལ་རྒྱུ་དང་ཁག་འཁུར་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འབད་འཐབ་མདུན་སྐྱོད་བཅས་བྱས་ཏེ། དཔལ་འབྱོར་འཁོར་རྒྱུག་བརྟན་གནས་ཡོང་བར་བྱེད་རྒྱུ་དང་འཕེལ་རྒྱས་གསར་པའི་རྣམ་པ་སིམ་འདྲེས་ཡོང་བར་བྱེད་པ། ཁྲོམ་ར་ཅན་གྱི་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བ། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་སྲུང་བ། དམངས་ཚིས་ཇེ་ལེགས་སུ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་བྱ་བར་གཅིག་གྱུར་འཆར་འགོད་འཐེན་པ་བཅས་བྱས་མཐར། འཕེལ་རྒྱས་དང་བཅོས་སྒྱུར་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་བསྐྱལ་ཐུབ་དགོས།
ལོ་ཙཱ་བ། བན་དེ་སྐྱབས།