ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་རྒྱལ་དབང་ཁེ་ལས་བཅོས་སྒྱུར་དང་སློབ་གྲྭ་ཆུང་འབྲིང་གི་ངལ་རྩོལ་སློབ་གསོར་ཤུགས་སྣོན་པ། སྨན་རྫས་ཞིབ་བཤེར་མི་སྣའི་དཔུང་སྡེ་འཛུགས་སྐྲུན། སྨན་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་བྱ་དགའི་བྱེད་ཐབས་ཞེས་པ་དང་བརྒྱུད་ལམ་སྣ་མང་གིས་ལས་ཞུགས་ལ་གསོན་ཤུགས་སྟེར་བར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་འགའ་ཞེས་པར་གྲོས་མོལ་བྱས་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་དབང་ཁེ་ལས་བཅོས་སྒྱུར་འཕེལ་རྒྱས་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པར་ཅིས་ཀྱང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གཞིར་འཛིན་དགོས་ལ། རྒྱལ་དབང་ཁེ་ལས་བཅོས་སྒྱུར་བྱ་བའི་ལོ་ངོ་གསུམ་གྱི་ལག་ལེན་ལག་བསྟར་ནན་ཏན་བྱེད་དགོས། རྒྱལ་དབང་ཁེ་ལས་ཀྱི་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་མངོན་སུམ་གྱིས་ཇེ་དྲག་ཏུ་གཏོང་དགོས་པ་དང་། རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་འཛུགས་པ། ཁྱབ་ཁོངས་གཙོ་བོ་དང་གནད་འགག་ལས་རིམ་གྱི་བཅོས་སྒྱུར་བྱ་བར་མགྱོགས་མྱུར་ཐོད་བརྒལ་གསར་པ་འབྱུང་བར་བྱེད་པ། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་སྔར་ལས་སྟོབས་ལྡན་དང་ཁྱད་འཕགས། དགེ་མཚན་ལྡན་པ་བཅས་སུ་འཕེལ་བར་སྐུལ་འདེད་བར་མེད་དུ་གཏོང་བ་བཅས་ལ་འབད་དེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐུལ་ནུས་ལྡན་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱེད་པར་ཅིས་ཀྱང་ཁྱོན་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་དང་ངལ་རྩོལ་སློབ་གསོའི་འཇོན་ཐང་མི་སྣ་གསོ་སྐྱོང་བྱེད་པའི་གོ་རིམ་ཧྲིལ་བོའི་ཁྲོད་ཚུད་པར་བྱེད་རྒྱུ་དང་། སློབ་གསོའི་ཆོས་ཉིད་བརྩི་སྲུང་དང་སྒྲིག་ལུགས་ལམ་ལུགས་གསར་གཏོད། སློབ་གསོའི་ཕན་འབྲས་ལ་དོ་སྣང་། སློབ་གྲྭ་ཆུང་འབྲིང་གི་སློབ་སྦྱོང་གི་དུས་རིམ་སོ་སོའི་ཁྲོད་བསྟར་ཆགས་སུ་བརྒྱུ་བ། དེ་མིན་ད་དུང་ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་ཁྲོད་ཁྱབ་པར་བྱས་ཏེ། ཁྱིམ་ཚང་གི་ངལ་རྩོལ་སློབ་གསོ་ཉིན་རྒྱུན་ཅན་དང་སློབ་གྲྭའི་ངལ་རྩོལ་སློབ་གསོ་རྒྱུན་སྲོལ་ཅན། སྤྱི་ཚོགས་ངལ་རྩོལ་སློབ་གསོ་སྣ་མང་ཅན་བཅས་སུ་འཕེལ་བར་བྱས་མཐར། ཁྱོན་ཡོངས་ནས་ངལ་རྩོལ་སློབ་གསོའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མཐོ་བའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པར་ཅིས་ཀྱང་ལས་རིགས་ཅན་གྱི་ཁ་ཕྱོགས་དང་ཆེད་ལས་ཅན། ལག་རྩལ་ཅན་བཅས་ཀྱི་བླང་བྱ་ལྟར་དུ། ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་ཅིང་གཤིས་རྒྱུད་ལེགས་པ། ལས་བརྩོན་ཞིབ་ཚགས། བབ་གཙང་ཕན་མཐོ་བཅས་ཀྱི་ལས་རིགས་ཅན་དང་ཆེད་ལས་ཅན་གྱི་སྨན་རྫས་ཞིབ་བཤེར་དཔུང་སྡེ་མགྱོགས་མྱུར་ངང་བསྐྲུན་དགོས། སྨན་རྫས་བཀོལ་སྤྱོད་བདེ་འཇགས་ཀྱི་ཁོངས་གཏོགས་ས་ཆའི་འགན་འཁྲི་དངོས་འབེབས་ཐད་འགན་ལེན་བྱེད་རྒྱུ་དང་ལྟ་སྐུལ་དོ་དམ་ནུས་པ་ཇེ་མཐོར་གཏོང་བ། གནད་འགག་ལས་རིམ་ཐད་སྟོབས་ཤུགས་གཅིག་ཏུ་བསྡུ་བ་བཅས་བྱས་ཏེ། སྨན་རྫས་བདེ་འཇགས་དང་དེའི་ཕན་འབྲས་རང་བཞིན། སྤུས་ཚད་ཚོད་འཛིན་བཅས་ཀྱི་ཐད་འགན་སྲུང་ནུས་ལྡན་བྱས་མཐར། སྨན་རྫས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་རོགས་འདེགས་བྱེད་དགོས་ཟེར།
གྲོས་ཚོགས་ལས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་ཚན་རིག་ལག་རྩལ་གཟེངས་བསྟོད་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། དཔྱད་འཇོག་དཔྱད་ཞིབ་ཚད་གཞི་དང་གོ་རིམ་ལེགས་སྒྱུར་བྱེད་པ། ལྟ་སྐུལ་ཆད་གཅོད་ཇེ་དྲག་ཏུ་གཏོང་བ་བཅས་ལ་འབད་དེ། གཟེངས་བསྟོད་བྱ་དགའི་ཚན་རིག་རང་བཞིན་དང་ཚད་ལྡན་རང་བཞིན་མཐོ་རུ་བཏང་ནས། ཚན་རིག་ལག་རྩལ་ཡར་ཐོན་གསར་གཏོད་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས་ཟེར།
གྲོས་ཚོགས་ལས་བླང་བྱ་བཏོན་དོན། ས་གནས་དང་སྡེ་ཁག་སོ་སོས་ཆབ་སྲིད་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ། བྱ་བའི་འོས་འགན་ཞིབ་གསལ་ཅན་དུ་གཏོང་བ། བྱ་བའི་བྱེད་ཕྱོགས་ནུས་ལྡན་དུ་གཏོང་བ། གཅིག་གྱུར་སྒོས་ལུགས་གསར་རྙིང་གི་ལོ་སར་སྐབས་ཀྱི་རིམས་འགོག་ཚོད་འཛིན་དང་མཁར་གྲོང་གི་དྲོད་ཁོལ་སྐྱེལ་བའི་བྱ་བ། བདེ་འཇགས་ཐོན་སྐྱེད། འདོན་སྤྲོད་ལ་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱེད་པ། གྲོང་གསེབ་ཀྱི་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་འཚོ་བའི་ཁ་གསབ་རོགས་དངུལ་དུས་ལྟར་སྟེར་བ་སོགས་ཀྱི་ཐད་བཀོད་སྒྲིག་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་སྤྱིའི་རྣམ་པ་འཆམ་མཐུན་བརྟན་འཇགས་ཡོང་བར་འགན་ལེན་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་བདེ་སྐྱིད་ཞི་མཐུན་གྱི་དུས་ཆེན་སྐྱིད་པོ་ཞིག་རོལ་བར་འགན་ལེན་བྱེད་དགོས། གྲོས་ཚོགས་ལས་ད་དུང་ལས་རིམ་གཞན་དག་ལའང་ཞིབ་འཇུག་བྱས།
ལོ་ཙཱ་བ། བན་དེ་སྐྱབས།