བསྟུད་མུར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གནས་སའི་སྡེ་ཁག་གིས་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་གྲོས་ཚོགས་དང་ཆེད་དོན་སློབ་སྦྱོང་གྲོས་ཚོགས་སོགས་ཀྱི་ཐབས་སྣ་མང་སྤྱད་དེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་བརྒྱུད་སྒྲོག་དང་ལག་ལེན་མཐར་ཕྱིན་བྱས་ཏེ། རང་སྟེང་གི་དངོས་ཡོད་བཀོད་སྒྲིག་དང་ཟུང་དུ་སྦྲེལ་བའི་སྒོ་ནས་ལས་དོན་དངོས་འབེབས་མཐར་ཕྱིན་བྱས།
སྡེ་ཁག་སོ་སོའི་ཏང་ཡོན་ལས་བྱེད་པས་མགྲིན་གཅིག་ཏུ་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པས་མཚོ་སྔོན་གྱི་འཕེལ་རྒྱས་དུས་རིམ་གསར་པས་གདོང་གཏོད་དགོས་པའི་གོ་སྐབས་དང་འགྲན་རྩོད་ལ་དབྱེ་ཞིབ་རྟིང་ཐག་ཆོད་པ་བྱས་ཏེ། ཉིས་སྟོང་སོ་ལྔ་ལོར་དེང་རབས་ཅན་འཛུགས་སྐྲུན་ཕལ་ཆེར་མངོན་འགྱུར་བྱེད་པའི་མིག་རྒྱང་རིང་བོའི་དམིགས་འབེན་གསལ་ཐག་ཆོད་པར་བྱས་ཡོད་ཅིང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་ཀྱི་རང་ཞིང་གི་འཕེལ་རྒྱས་བྱ་བའི་མཛུབ་སྟོན་བསམ་བློ་དང་དམིགས་འབེན་གཙོ་བོ། འོས་འགན་གལ་ཆེན། བྱེད་ཕྱོགས་གཙོ་བོ་བཅས་གསལ་བོར་བཏོན་ཡོད་པ་ལས་གཞན། དུས་རབས་གསར་པར་རྐང་ཚུགས་པར་བྱེད་པ་དང་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་པ། འདུ་ཤེས་གསར་པ་དངོས་འབེབས་བྱེད་པ། རྣམ་པ་གསར་བ་བསྐྲུན་པ་བཅས་ཀྱི་ཐད་དྲིས་ལན་གཅིག་བསྡུས་སྒོས་བཏབ་ཡོད། མཚོ་སྔོན་ལ་འཕེལ་རྒྱས་ཅི་ལྟ་བུ་ཞིག་བྱུང་དགོས་མིན་དང་འཕེལ་རྒྱས་གསར་པ་ཇི་ལྟར་མངོན་འགྱུར་བྱེད་དགོས་མིན་ནི་མ་འོངས་པའི་ལོ་ལྔ་དང་ཡང་ན་དེ་ལས་ཀྱང་རིང་བའི་དུས་སྐབས་ཤིག་གི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་གྱི་ལག་ལེན་ཕྱོགས་སྟོན་ཡིན་པར་མ་ཟད། མཚོ་སྔོན་གྱི་འཕེལ་རྒྱས་དང་བརྟན་འཇགས་ལ་འགན་ལེན་བྱེད་པའི་ཐད་དོན་སྙིང་ཆེན་པོ་ལྡན།
ལོ་ཙཱ་བ། བན་དེ་སྐྱབས།