ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས། 
2021.01.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་དང་པོའི་ཚེས་བདུན་ཉིན།ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་སྔ་གཞུག་ཏུ་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། མཚོ་སྔོན་ཞིང་ཆེན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་རྩ་གནད་འཆར་ཟིན་མ་ཡིག་དང་། སྲིད་གཞུང་བྱ་བའི་སྙན་ཞུའི་མ་ཡིག མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉི་ཤུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུའི་མ་ཡིག མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉི་ཤུ་ལོའི་ནོར་སྲིད་སྔོན་རྩིས་ཀྱི་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གཅིག་ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུའི་མ་ཡིག་སོགས་ཡིག་ཆར་གྲོས་ཞིབ་བྱས་པ་དང་། ཉིས་སྟོང་ཉི་ཤུ་ལོའི་དམངས་ཚིས་དངོས་དོན་བཟོ་སྐྲུན་ཡོངས་འགྲུབ་བྱས་པའི་གནས་ཚུལ་དང་ཉིས་སྟོང་ཉེར་གཅིག་ལོའི་བཀོད་སྒྲིག་དང་གྲོས་གཞི། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་ལུགས་ཚོད་ལྟའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཀྲུང་དབྱང་ཞིང་སྡེའི་བྱ་བའི་གྲོས་ཚོགས། དེ་མིན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བ་སོགས་ཀྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གྲོས་གཞིར་གཤིབ་བསྡུར་བྱས་ཐོག་གོང་རིམ་གྱི་སྦྲེལ་མཐུད་དང་འོག་རིམ་གྱི་མཛུབ་སྟོན་ལ་ཤུགས་སྣོན་པ་དང་། སེམས་ཞིབ་མོས་རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་རྩ་གནད་གཏན་འབེབས་བྱས་ཏེ། འཆར་འགོད་རྩ་གནད་དང་རྒྱལ་ཁབ་ཀྱི་འཆར་འགོད། ཞིང་ཆེན་རིམ་པའི་ཆེད་དོན་འཆར་འགོད་གཙོ་བོ། ས་ཁུལ་གྱི་འཆར་འགོད་བཅས་སྦྲེལ་མཐུད་བྱེད་པར་འགན་སྲུང་བྱས་ནས། འཆར་འགོད་སྒྲིག་ལུགས་ཀྱི་ཚན་རིག་རང་བཞིན་དང་ལག་བསྟར་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། 

གྲོས་ཚོགས་ནས་བསྟན་དོན། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་བྱ་བ་སྙན་ཞུ་བྱེད་པ་ནི་སྲིད་གཞུང་གི་བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་འགན་འཁྲི་ཡིན་པ་དང་། མི་དམངས་ཀྱི་ལྟ་རྟོག་དང་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་དངོས་འབེབ་བྱས་ཏེ། ནན་ཏན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུ་བཟོ་བཅོས་བྱས་ནས་འཐུས་ཚང་དུ་གཏོང་བ་དང་། བྱ་བར་སྤྱི་བསྡོམས་བྱེད་པ་དོན་དངོས་དང་མཐུན་དགོས་ལ། གནད་དོན་ལ་དབྱེ་ཞིབ་བྱས་པ་གཏིང་ཟབ་མཐིལ་ཕྱིན་ཡིན་དགོས་པར་མ་ཟད། བྱ་བར་བཀོད་སྒྲིག་བྱས་པ་གནད་འཁེལ་དངོས་གཉེར་ཡོང་བར་བྱས་ཏེ། ཡིད་ཆེས་བརྟན་པོ་དང་སྟོབས་ཤུགས་གཅིག་སྒྲིལ་སྒོས་དངོས་འབེབ་བྱས་པའི་ཕན་འབྲས་ལ་སྐུལ་འདེད་གཏོང་དགོས། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་དམངས་དོན་བསམ་པ་གཏན་སྲུང་དང་དམངས་ཚིས་ལེགས་བཅོས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། དམངས་ཚིས་གནད་དོན་གཙིགས་འཛིན་དང་ཀུན་ཕན་རང་བཞིན་དང་མ་མཐའི་འགན་སྲུང་རང་བཞིན། རྨང་གཞིའི་རང་བཞིན་གྱི་དམངས་ཚིས་འཛུགས་སྐྲུན་ལ་དོ་སྣང་བྱས་ཏེ། ལས་གཞིའི་ལེགས་སྒྲིག་དོ་དམ་དང་ལྟ་རྟོག་ཕན་འབྲས་ཇེ་དྲག་ཏུ་གཏོང་བ་དང་། ལས་གཞི་ལག་བསྟར་བྱེད་པ་དང་ཕན་འབྲས་འཇལ་དུ་ཡོད་པར་བྱས་ནས། ངེས་པ་དོན་གྱིས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་འགག་དོན་ཆུང་བཟང་བོར་བསྒྲུབ་དགོས། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་འཆར་འགོད་དང་བཀོད་སྒྲིག སྐུལ་འདེད་བཅས་བཏང་བའི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་ལུགས་ཀྱི་ཚོད་ལྟ་ཐོག་མ་ཡིན་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཚོ་སྔོན་ནས་དངོས་སུ་ལག་བསྟར་བྱས་པ་ཡིན་པས། ཆབ་སྲིད་ལངས་གནས་མཐོར་འདེགས་དང་འགན་འཁྲིའི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། ཧུར་ཐག་སྒོས་དངོས་གཞིའི་སྤྱི་གླིང་གི་ཇུས་འགོད་བྱ་བར་སྦྲེལ་མཐུད་བྱས་ཏེ། ནན་ཏན་གྱིས་སྤྱི་གླིང་ཇུས་འགོད་སྔོན་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། ཀྲུང་དབྱང་གི་རེ་བ་གཞིར་བཟུང་ཐོག་ནན་ཏན་གྱིས་ཆད་ལྷག་ཁ་གསབ་དང་བྱེད་ཐབས་གཙོ་བོ་བྱེ་བྲག་ཏུ་ལག་བསྟར་བྱས་ནས། སྒྲིག་ལུགས་བཅོས་བསྒྱུར་ཚོད་ལྟའི་གྲུབ་འབྲས་ཀྱིས་ལོ་རྒྱུས་དང་ལག་ལེན་གྱི་ཉམས་སད་ཐེག་པར་འགན་སྲུང་བྱེད་དགོས། ལངས་གནས་མཐོ་བའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་ཏེ། རེ་བ་མཐོན་པོས་ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བྱེད་པ། ཚད་གཞི་མཐོན་པོའི་སྒོ་ནས་སྦགས་བཙོག་བཅོས་སྐྱོང་ལ་ཡར་སྐུལ་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་གནད་དོན་དག་ཐེར་བཅོས་སྐྱོང་བྱེད་པ། ཆུ་ཚད་མཐོན་པོའི་སྒོ་ནས་ལམ་ལུགས་གསར་གཏོད་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ། གཙོ་བོ་སྐྱེ་ཁམས་དཔལ་ཡོན་ལྡན་པའི་མཐོ་སྒང་གསར་བསྐྲུན་བྱེད་དགོས། 

གྲོས་ཚོགས་ནས་ད་རུང་བྱ་བ་གཞན་པར་ཞིབ་འཇུག་བྱས། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།