ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2021.01.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་དང་པོའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བའི་ཐད་ལ་རེ་བ་བཏོན་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བར་བརྩེ་བའི་འཚམས་འདྲི་དང་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས།

ཝང་ཅན་ཅུན་གྱིས་བསྟན་དོན། ནོར་སྲིད་བྱ་བའི་ནོར་ནི་སྲིད་ཀྱི་རྨང་གཞི་ཡིན་པ་དང་སྲིད་ནི་ནོར་གྱི་གཞི་རྩ་ཡིན་ལ། ཆབ་སྲིད་སྐྱོང་ན་ད་གཟོད་རྒྱུ་ནོར་བདག་གཉེར་བཟང་བོ་བྱེད་ཐུབ། འདས་པའི་ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ཁོངས་གཏོགས་ཀྱིས་ལངས་ཕྱོགས་བརྟན་པོས་ཆབ་སྲིད་བསྐྱངས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནོར་སྲིད་བྱ་བའི་སྲིད་ཇུས་དང་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་སྒོས་དམངས་ཚིས་འགན་སྲུང་དང་ཟླ་ཕོགས་འགན་སྲུང་། འཁོར་སྐྱོད་འགན་སྲུང་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན། དམངས་ཚིས་ལེགས་བཅོས་བྱེད་པའི་ཐད་ལ་བྱས་རྗེས་ཆེན་པོ་བཞག ད་ལོ་ནི་བརྒྱ་ལོ་གཉིས་ཀྱི་མཉམ་སྦྲེལ་གྱི་ལོ་ཡིན་པས། ད་ལོའི་ནོར་སྲིད་བྱ་བ་བཟང་བོར་བསྒྲུབ་པ་དེར་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་དུས་དང་རྣམ་པ་ཀུན་ཏུ་རྒྱུ་ནོར་བདག་གཉེར་གྱི་ཐོག་མའི་སེམས་འདུན་མི་བརྗེད་པར་དམངས་དོན་དུ་རྒྱུ་ནོར་བདག་གཉེར་བྱེད་པའི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། སེམས་ཤུགས་གཅིག་སྒྲིལ་སྒོས་རྒྱུ་ནོར་ལ་བདག་གཉེར་བཟང་བོ་བྱས་ནས། ནོར་སྲིད་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྔར་ལས་སྐུལ་འདེད་གཏོང་དགོས།

ཞིན་ཁྲང་ཞིང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ཁོངས་གཏོགས་ཀྱིས་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལག་བསྟར་བྱས་ཏེ། ནུས་པ་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་གང་ལེགས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ནོར་ཁྲལ་སྲིད་ཇུས་དང་མ་དངུལ་ཡོ་ཆས། དོ་དམ་དང་བཅོས་སྒྱུར་བྱེད་ཐབས་བཀོལ་སྤྱོད་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱས་པ་དང་། རིམས་ནད་འགོག་བཅོས་འགན་སྲུང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། བརྟན་འཇགས་དྲུག་དང་འགན་སྲུང་དྲུག་གི་བྱ་བ་བཟང་བོར་སྒྲུབ་པ་སོགས་ཀྱི་ཐད་ལ་བྱས་རྗེས་གལ་ཆེན་བཞག ལོ་གསར་བའི་ནང་། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ཁོངས་གཏོགས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་བཀོད་སྒྲིག་ལྟར། ནོར་སྲིད་གཏོང་ཡོང་འཁོར་སྐྱོད་དོ་དམ་སྔར་ལས་དམ་འཛིན་བྱེད་པ་དང་། འཐབ་ཇུས་ལས་འགན་གལ་ཆེན་གྱི་སྲིད་ཇུས་དང་མ་དངུལ་ལ་འགན་སྲུང་བྱེད་དགོས་ལ། གཞི་རིམ་གྱི་འགན་སྲུང་གསུམ་ལེགས་སྒྲུབ་བྱེད་པ་དང་། ནོར་སྲིད་སྒྲིག་སྲོལ་རྐྱེན་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས་པར་མ་ཟད། ནུས་པ་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་འཕར་སྣོན་བྱེད་པ་དང་རྒྱུན་མཐུད་འཕེལ་རྒྱས་ལ་འགན་སྲུང་བྱས་ནས། ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་བདེ་བླག་ངང་འགོ་རྩོམ་པར་བྱས་རྗེས་ཆེན་པོ་འཇོག་དགོས།

ལོ་ཙཱ་བ། བཀྲ་ཤིས་འབུམ།