ཟླ་དང་པོའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་ཅུའུ་ཡི་ཅུའུ་ཀྲང་གྲོས་ཚོགས་ཟི་ལིང་ནས་ཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་བྱ་བའི་རེ་བ་བཏོན།
ཞིན་ཁྲང་ཞིང་གིས་བསྟན་དོན། གནམ་གཤིས་བྱ་བ་དེ་རྒྱལ་ཇུས་དམངས་ཚིས་དང་འབྲེལ་བ་ཡོད་ལ། འདས་པའི་ལོ་གཅིག་ནང་། ཞིང་ཆེན་ཡོངས་ཀྱི་གནམ་གཤིས་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། ཀྲུང་གོ་གནམ་གཤིས་ཅུའུ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལྟར། ཕྱོགས་གཅིག་ནས་རིམས་ནད་འགོག་བཅོས་བྱས་པ་དང་ཕྱོགས་གཅིག་ནས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པས། ཕྱོགས་སོ་སོའི་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག ངས་འདི་ནས་བློ་མཐུན་ཚོར་འཚམས་འདྲི་དང་བཀའ་དྲིན་ཞུས་པ་ཡིན་ཟེར།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་ཁ་ཕྱོགས་ནས། གནམ་གཤིས་བྱ་བའི་ནུས་པ་འདོན་སྤེལ་བྱེད་པའི་བར་སྟོང་སྔར་ལས་རྒྱ་ཆེ་བ་དང་ལས་འགན་སྔར་ལས་ལྕི་ལ། འགན་འཁྲི་སྔར་ལས་ཆེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནམ་གཤིས་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། བཅོས་བསྒྱུར་གསར་གཏོད་དང་དཀའ་སྤྱད་འབད་བརྩོན་བྱེད་པ། གནམ་གཤིས་དེང་རབས་ཅན་འཛུགས་སྐྲུན་བྱེད་པ། ལྟ་ཞིབ་བཟང་བོ་བྱེད་པ་དང་སྔོན་བརྡ་ཡང་དག་པ། ཞབས་ཞུ་བཟང་བོ་ཞུ་བའི་སྟེང་ཤུགས་བཏོན་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། 2020ལོར། ཞིང་ཆེན་ཡོངས་ཀྱི་གནམ་གཤིས་ལས་ཁུངས་ཀྱི་རྒྱ་ཆེའི་ལས་བྱེད་པས་ཁག་ཁུར་འབད་འཐབ་དང་དཀའ་ངལ་ཁྱད་སེལ་བྱས་པ་དང་། གནམ་གཤིས་ཀྱི་གནོད་འགོག་གནོད་སྐྱོབ་ཀྱི་འགོག་ཐིག་གཙོ་བོའི་ནུས་འདོན་སྤེལ་གང་ལེགས་བྱས་ལ། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཐད་ནས་ཤུགས་ཡོད་པ་དང་ཕན་འབྲས་ལེན་པར་ཞབས་འདེགས་ཞུས་བ་དང་འགན་སྲུང་བྱས་པ་མ་ཟད། ལྟ་ཞིབ་ནུས་པ་རྒྱུན་མཐུད་ངང་ཇེ་དྲག་ཏུ་བཏང་སྟེ། སྤྱི་ཐུན་གནམ་གཤིས་ཞབས་ཞུ་ཆུ་ཚད་མངོན་གསལ་སྒོས་མཐོར་འདེགས་བཏང་། 2021ལོར། ཞིང་ཆེན་ཡོངས་ཀྱི་གནམ་གཤིས་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཚོ་སྔོན་གནམ་གཤིས་ལས་དོན་འཕེལ་རྒྱས་སུ་གཏོང་བར་འཆར་འགོད་བྱེད་པ། ཆུ་ཚད་སྔར་ལས་མཐོ་བའི་གནམ་གཤིས་ཚན་རྩལ་གྱི་གསར་གཏོད་མ་ལག་དང་ལྟ་ཞིབ་མ་ལག སྔོན་བརྡའི་མ་ལག ཞབས་ཞུ་མ་ལག་དང་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པ། གནས་གཤིས་ཀྱིས་ས་གནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་བཏང་ནས། ཧུར་ཐག་གིས་མཚོ་སྔོན་གནམ་གཤིས་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ལེའུ་གསར་བ་འབྲི་དགོས་ཟེར།
ལོ་ཙཱ་བ། རིན་ཆེན་མཚོ།