ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།
2021.02.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

ཟླ་དང་པོའི་ཚེས་ཉེར་བདུན་ཉིན། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་ལོ་ལྔའི་འཆར་འགོད་བཅུ་གསུམ་པ་དང་ཉིས་སྟོང་ཉི་ཤུ་ལོའི་ཚན་རྩལ་བྱ་བར་སྤྱི་སྡོམ་བྱས་པ་དང་། ད་ལོའི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས་པ་ལས་གཞན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་ཁ་ཕྱོགས་དང་འཕེལ་རྒྱས་དམིགས་འབེན་གྱི་ཐད་ནས་བཀོད་སྒྲིག་གང་ལེགས་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་བྱ་བར་བླང་བྱ་བཏོན། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་འཕེལ་རིམ་བརྒྱུད་དེ་གཞི་ནས་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ། རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་འབད་ཀྱིན་ཡོད་ཅིང་། ལས་རིམ་དེའི་ཁྲོད་དུ་ཚན་རྩལ་ལས་བཟོ་པས་ཤེས་རབ་དང་འཇོན་ཐང་ལེགས་སྐྱེས་སུ་ཕུལ་བར་མ་ཟད། གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་བྱེད་ནུས་བཏོན། ལོ་ལྔའི་འཆར་འགོད་བཅུ་བཞི་པར་འབད་འཐབ་བྱེད་པ་ལ་གསར་གཏོད་ནི་སྒུལ་ཤུགས་དང་པོ་ཡིན་པས། ཚན་རྩལ་གྱིས་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས། རེ་བ་ཡིན་ན་རྒྱ་ཆེ་བའི་ཚན་རྩལ་ལས་བཟོ་པས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་རྒྱུ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་མཐར་ཕྱིན་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་མགྱོགས་མྱུར་ངང་བསྐྲུན་པའི་གོ་རིམ་ཁྲོད་དུ་ཚན་རིག་གི་ཤེས་རབ་བརྒྱུད་བསྒྲགས་དང་ལག་རྩལ་གྱི་སྟོབས་ཤུགས་མངོན་ཅི་ཐུབ་བྱས་ཏེ། འཕེལ་རྒྱས་ཀྱི་སྒུལ་ནུས་སྣ་མང་གཅིག་སྡུད་དང་འཚོ་བ་སྐྱིད་པོ་བསྐྲུན་ནས། མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཚན་རྩལ་གྱི་བྱས་རྗེས་གསར་པ་འཇོག་དགོས་ཟེར།

ཞིན་ཁྲང་ཞིང་གིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོར་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་མ་ལག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དངོས་འབེབས་རྦད་ཆོད་བྱས་ཏེ། རིམས་ནད་འགོག་སྡོམ་དང་ཚན་རིག་ཞིབ་འཇུག་གི་མཁྲེགས་གཏོར། གསར་གཏོད་སྐུལ་སྤེལ་འཕེལ་རྒྱས་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ནས། ཚན་རྩལ་གྱི་སྒྲིག་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་གསར་གཏོད་མ་ལག་མགྱོགས་མྱུར་ངང་བཙུགས་པ། མཁོ་བསྟུན་རྨང་གཞིའི་ཞིབ་འཇུག་ལ་ཤུགས་བསྣན་པ། ལག་རྩལ་གཙོ་བའི་མཁྲེགས་གཏོར་ལ་ཤུགས་བསྣན་མཐར། ལས་རིམ་ཁག་སོ་སོའི་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་བསྐྱལ་ཟེར།

ཀྲང་ལིས་ཀྱིས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། མཚོ་སྔོན་གྱི་ཚན་རྩལ་བྱ་བའི་སྲིད་ཇུས་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་ཡོད་པ་དང་གསར་གཏོད་སྣེ་འདོམས་སྒུལ་ནུས་ཇེ་དྲག་ཏུ་ཕྱིན་ལ། ཚན་རྩལ་མཁྲེགས་གཏོར་ཕན་འབྲས་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་ཡོད། ཉིས་སྟོང་ཉེར་གཅིག་ལོ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་བཏོད་པའི་ལོ་ཐོག་མ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་རྩོམ་པའི་ལོའང་ཡིན། དུས་རབས་གསར་པའི་ཚན་རྩལ་བྱ་བ་བཟང་བོར་སྒྲུབ་པ་ལ་ཅིས་ཀྱང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་གོ་བ་མཐིལ་ཕྱིན་ལེན་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱེད་པ། ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དངོས་འབེབས་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པའི་ཁྲོད་སིམ་འདྲེས་ཡོང་བར་བྱེད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་ཇེ་བརྟན་དུ་གཏོང་བ། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བཟོ་བ། རྩོད་སྒྲུབ་བསམ་གཞིགས་གཏོང་ཐབས་རྒྱུན་འཛིན་དང་རང་རྟོགས་སྒོས་སིམ་འདྲེས་ཡོང་བར་བྱེད་པ། ཚན་རིག་གི་མ་ལག་ཚང་བའི་སྒོ་ནས་འཆར་འགོད་བྱེད་རྒྱུ་དང་བྱ་བའི་བསམ་ཕྱོགས་གསལ་ཐག་ཆོད་པ་ཡོང་བར་བྱེད་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།