ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་རྒྱ་སྐྱེད་གྲོས་ཚོགས་བསྡུས།
2021.03.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོ། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་རྒྱ་སྐྱེད་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་སོགས་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གི་ཁོངས་མི་ཚོགས་འདུར་ཞུགས། ཏང་གི་ལོ་རྒྱུས་ཆེད་མཁས་པ། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དྲིལ་སྒྲོག་སློབ་གསོ་ཅུའུ་ཡི་སྔོན་ཆད་ཀྱི་ཅུའུ་ཀྲང་གཞོན་པ་ཞུའེ་ཆིན་ཁྲའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་ལོ་རྒྱུས་ལམ་བུ་དང་བློ་སྒོ་གསར་འབྱེད་ཅེས་པ་བརྗོད་དོན་དུ་བཟུང་ནས་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་ཡིས་སློས་སྦྱོང་ཚོགས་འདུར་མགོ་འཛིན་བྱས།

ཞུའེ་ཆིན་ཁྲའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་བླ་མེད་དཀའ་སྤྱད་ཀྱི་འབད་འཐབ་ལོ་རྒྱུས་ལམ་བུ་བརྗོད་སྙིང་དུ་བཟུང་ནས། སྣ་སོ་སོ་ནས་ང་ཚོའི་ཏང་གི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ཏེ། ཏང་གིས་མི་དམངས་ལ་སྣེ་ཁྲིད་དེ་དཀའ་ངལ་ལས་རྣམ་པར་རྒྱལ་བའི་འོད་སྟོང་འབར་བའི་ལོ་ངོ་བརྒྱ་ཡི་འབད་འཐབ་བཞུད་ལམ་ཞིབ་ཚགས་ངང་འགྲེལ་བརྗོད་བྱས་པ་དང་། ང་ཚོའི་ཏང་གིས་སྣེ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ལ་རྒྱལ་ཁ་བླངས་པའི་གནད་འགག་སྒྲོག་འགྲེལ་གཏིང་ཟབ་བྱས་ལ། ལོ་རྒྱུས་ཀྱི་འཕེལ་འགྲོས་དང་བསྟུན་ནས་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལ་ངོ་རྒོལ་བྱས་པའི་རླབས་ཆེན་དར་ཆ་མཐོ་རུ་བསྒྲེངས་ནས། ཐོག་མཐའ་བར་གསུམ་ཀུན་ཏུ་ཐོག་མའི་བསམ་འདུན་མི་བརྗེད་པ་རྒྱུན་འཁྱོངས་དང་། མི་རིགས་བཅིངས་འགྲོལ་དང་མི་རིགས་བསྐྱར་དར་དོན་གཉེར་བྱས་པ་སྒྲོག་འགྲེལ་གང་ལེགས་བྱས།

ཚང་མར་མྱོང་ཚོར་གཅིག་མཐུན་བྱུང་བ་ནི་སྙན་ཞུའི་ནང་དོན་ཕུན་སུམ་ཚོགས་པ་དང་གསོན་ཉམས་ལྡན་ཞིང་གཏིང་ཟབ་ལ། ལོ་རྒྱུས་ཀྱི་ངོས་ཐད་ནས་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་འཕེལ་རྒྱས་བཞུད་ལམ་མངོན་པར་བསྟན་ཡོད་ཅིང་། ལག་ལེན་གྱི་ངོས་ནས་གཞུང་ལུགས་ཀྱི་རང་རྟོན་དང་བགྲོད་ལམ་རང་རྟོན་མངོན་པར་བཀྲལ་ཡོད་པས། ཐེངས་འདིའི་སྙན་ཞུ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་ཟུར་ཁྲིད་སྙན་ཞུ་ལེགས་པོ་ཞིག་རེད་ཟེར།

ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱེད་དགོས་ལ། ཏང་ཀྲུང་དབྱང་གི་སྤྱིའི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར་དུ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་དུ་དམིགས་འབེན་དང་བླང་བྱར་གོ་བ་མ་ནོར་བ་ལེན་རྒྱུ་དང་། སློབ་སྦྱོང་གི་ནང་དོན་གནད་དུ་འཁེལ་བའི་ཐད་སེམས་ཤུགས་གཅིག་སྒྲིམ་བྱེད་པ། མཚོ་སྔོན་གྱི་དམར་པོའི་ཐོན་ཁུངས་སྔོག་འདོན་བཀོལ་སྤྱོད་གང་ལེགས་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཕན་འབྲས་སྔར་ལས་ཇེ་བརྟན་དུ་གཏོང་བ་བཅས་ལ་འབད་དེ། བར་མ་ཆད་པའི་སྒོ་ནས་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་མངོན་སུམ་གྱིས་ཇེ་མཐོར་གཏོང་དགོས། མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ཀྱིས་ལས་བྱེད་པར་སྣེ་ཁྲིད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་དང་། གོང་དཔེ་འོག་སྟོན་དང་སློབ་སྦྱོང་འོས་འགན་ལ་སྟངས་འཛིན་ནན་མོ་བྱས་ནས། ལོ་རྒྱུས་སློབ་སྦྱོང་མཐར་ཕྱིན་ཅན་དང་ལོ་རྒྱུས་ལ་སློབ་སྦྱོང་བྱས་པ་བརྒྱུད་དེ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ལོ་རྒྱུས་སློབ་སྦྱོང་བྱས་པ་བརྒྱུད་དེ་བླ་མེད་སྤྱོད་ལམ་ལ་གུས་འདུད་ཞུ་བ། ལོ་རྒྱུས་སློབ་སྦྱོང་བྱས་ཏེ་ལག་ལེན་ལ་ཤུགས་འདོན་པ་བཅས་ཡོང་བར་བྱས་མཐར། མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ལས་རིམ་ཁག་སོ་སོའི་བྱ་བ་མགོ་ཡག་པོ་རྩོམ་པར་སྐུལ་འདེད་གཏོང་དགོས་ཟེར།

ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གི་ཁོངས་མི་མིན་པའི་ཞིང་ཆེན་གྱི་མགོ་ཁྲིད་དང་། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་ཀྱིན་པའི་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཏང་ཙུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་འཛིན་གྲྭ་གཙོ་བོའི་སློབ་མ་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ལྟེ་གནས་ཚན་ཁག་གི་ཁོངས་མིས་ཡན་ལག་ཚོགས་ར་ནས་དུས་མཉམ་གཅིག་ཏུ་བརྙན་ལམ་བརྒྱུད་དེ་ཚོགས་འདུར་ཞུགས་ནས་སློབ་སྦྱོང་གང་ལེགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།