ཝང་ཅན་ཅུན་གྱིས་ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་མཚོ་སྔོན་རྒྱལ་ཁབ་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དུ་རྟོག་ཞིབ་བྱས།
2021.03.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་མཚོ་སྔོན་རྒྱལ་ཁབ་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དུ་རྟོག་ཞིབ་བྱས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཟི་ལིང་འཕེལ་རྒྱས་ཀྱི་གོ་རིམ་ཧྲིལ་བོ་དང་ཁྱབ་ཁོངས་སོ་སོར་ཁྱབ་པར་བྱས་ཏེ། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་པ་བསྐྲུན་དགོས་ཟེར།

ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནན་ཁྲོན་བཟོ་ལས་ར་བའི་ཁུལ་དུ། ཝང་ཅན་ཅུན་མཚོ་སྔོན་ཀའོ་ཅིན་ཉི་འོད་ནུས་པའི་ཚན་རྩལ་ཚད་ཡོད་ཀུང་ཟིའི་འཛུགས་སྐྲུན་ཡུལ་དངོས་སུ་སོང་ནས། འགྲེམ་སྟོན་པང་ལེབ་ལ་བལྟས་པ་དང་འཆར་གཞི་ལ་རྒྱུས་ལོན་གསལ་བོ་བྱས་ལ། ཁེ་ལས་ཀྱིས་སྔོན་དཔག་རང་བཞིན་དང་འོས་འཚམ་་རང་བཞིན། ཁ་གཏད་རང་བཞིན་ཇེ་མཐོར་གཏོང་བར་སྐུལ་སློང་བྱས་ནས། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་ཞེས་བཤད། མཚོ་སྔོན་ཧྥུའུ་ཏེ་གློག་གཡིས་ཚད་ཡོད་ཀུང་ཟི་རུ། ཝང་ཅན་ཅུན་གྱིས་ཐོན་རྫས་གསར་སྤེལ་དང་ནུས་པ། སྤུས་ཚད་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས་བསྟན་དོ། མཐོ་དག་རྩེ་གསུམ་ལ་གཞིགས་ནས་གཙོ་ཁྲིད་ཐོན་ལས་གསར་སྐྲུན་བྱེད་པ་དང་། ཐོན་ལས་རྨང་གཞིའི་ནུས་པ་དང་ཐོན་ལས་སྦྲེལ་ཐག་གི་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་བ། དོ་དམ་མ་རྩ་ཇེ་དམའ་རུ་བཏང་ནས། དཔལ་འབྱོར་གྱི་ཕན་འབྲས་མཐོར་འདེགས་གཏོང་དགོས་ཟེར།

མཚོ་སྔོན་རྒྱལ་ཁབ་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དུ། ཝང་ཅན་ཅུན་མཚོ་སྔོན་གཡང་འཛོམས་སྨན་ལས་ཚད་ཡོད་ཀུང་ཟི་དང་དབྱི་ནཱ་ཝེ་ཁང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་ཟི་གཉིས་ལ་སོང་ནས། ཁེ་ལས་ཀྱི་རང་བདག་གསར་གཏོད་དང་ཐོན་རྫས་ཞིབ་སྤེལ། ཚོང་ར་རྒྱ་བསྐྱེད་པ་སོགས་ཀྱི་གནས་ཚུལ་ལ་ཉན་པ་དང་། ཁེ་ལས་ཀྱིས་ཁྱད་ཆོས་དགེ་མཚན་འདོན་སྤེལ་བྱེད་པ་དང་། གཙོ་ཁྲིད་འབུར་དུ་ཐོན་པར་བྱེད་པ། སྲོག་ཤིང་དཔུང་སྡེ་སྐྱེད་སྲིང་བྱེད་པ། ཞིབ་འཇུག་གསར་སྤེལ་ནུས་པ་མཐོར་འདེགས་གཏོང་བ། ཁེ་ལས་ཀྱི་ཚོང་རྟགས་མིང་གྲགས་ཅན་འཛུགས་སྐྲུན་བྱས་ནས། མང་ཚོགས་ཀྱིས་ཁས་ལེན་པ་དང་ཚོང་རས་དགས་བསུ་བྱེད་པའི་ཐོན་རྫས་བཟང་བོ་ཐོན་སྐྱེད་བྱེད་དགོས་ཞེས་བསྟན།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་བའི་ཐད་ནས་ར་བའི་ཁུལ་གྱི་འགན་ཁུར་ཧ་ཅང་ལྕི། གྲོང་ཁྱེར་ནས་ར་བའི་ཁུལ་ལ་ལྟ་བ་དང་། རྒྱུ་ནོར་གཙོ་གཞི་སྐྱེད་སྲིང་བྱེད་པ། མིའི་དགོས་མཁོ་གཙོར་བཟུང་ནས། ཁེ་ལས་འཕེལ་རྒྱས་སུ་གཏོང་བ་དང་གྲོང་ཁྱེར་ཅན་འཛུགས་སྐྲུན་གྱི་བརྒྱུད་རིམ་ལ་སྐུལ་འདེད་གཏོང་དགོས། ར་བའི་ཁུལ་ནས་ར་བའི་ཁུལ་ལ་ལྟ་བ་དང་། ཐོན་ལས་ཀྱི་རྩོལ་ནུས་གཏན་ཁེལ་གསལ་བོ་བྱེད་པ། རང་སོ་སོའི་མཐའ་མཚམས་གཏན་ཁེལ་དང་གཙོ་ཁྲིད་ཐོན་ལས་ཇེ་གསལ་དུ་གཏོང་བ། ས་བབ་དང་བསྟུན་པ་དང་དགེ་སྤེལ་སྐྱོན་སྤང་བྱས་ཏེ། ལངས་གཟུགས་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ར་བའི་ཁུལ་ནས་ཁེ་ལས་ལ་ལྟ་བ་དང་། ལས་གཞི་བསྡུ་རུབ་ལ་སྐུལ་འདེད་གཏོང་བ། འབྲེལ་འདྲིས་ཚད་དང་འགྲན་རྩོད་ནུས་པ་མཐོར་འདེགས་བཏང་ནས། གཞི་ཁྱོན་གྱི་ཕན་ནུས་གྲུབ་པར་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་དང་ཆ་ཚང་བྱས་ཏེ། ར་བའི་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ར་བའི་གསར་གཏོད་བྱེད་ན། སྒྲིག་གཞི་རྐྱེན་སྲོལ་ཇེ་ལེགས་སུ་གཏོང་བ་གཙོར་འཛིན་པ། མུ་མཐུད་དུ་བསམ་བློ་བཅིངས་འགྲོལ་བྱེད་པ། སྲིད་བསྡུ་དབང་གཏོང་ཟབ་མོ་བྱས་ཏེ། ར་བའི་ཁུལ་འཕེལ་རྒྱས་སུ་གཏོང་བའི་ཐད་གསོན་ཤུགས་ཀྱི་འགོ་ཁུངས་དང་སྒུལ་ཤུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། ར་བའི་ཁུལ་མཐུན་སྦྱོར་ཐད་ནས་འཁོར་རྒྱུག་འཛུགས་སྐྲུན་བྱེད་པ་གཙོར་འཛིན་པ་དང་། ཐོན་ཁུངས་བེད་སྤྱོད་ལས་ཆོད་ཁྱོན་ཡོངས་ནས་མཐོར་འདེགས་བཏང་ནས། ཐཱན་ཉུང་འཁོར་རྒྱུག་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས་ཟེར།

ཡུས་ཚོང་ལི་དང་ཁྲིན་རུའེ་ཧྥིན། ཀྲང་ཞའོ་རོང་བཅས་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།