ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་བསྡུས་པ་དང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས།
2021.03.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་བསྡུས་པ་དང་། སྔར་ལས་འཐུས་སྒོ་ཚང་བའི་རྒྱུ་རྐྱེན་ཚོང་ར་ཅན་གྱི་སྒྲིལ་སྲོལ་དང་ལམ་སྲོལ་ཞིབ་འཇུག་དང་གསར་སྐྲུན་བྱེད་པ། ཟི་ལིང་སློབ་ཆེན་འཛུགས་གྲབས་དུས་རིམ་གྱི་འཇོན་མི་བསྡུ་བའི་ཆེད་དམིགས་བྱེད་ཐབས། རྒྱལ་ཁབ་ཀྱི་ཁེ་ལས་བསྒྱུར་བཅོས་ཀྱི་དཀའ་ཁག་ལས་སྒྲོལ་བ་སོགས་ཀྱི་དོན་དག་ལ་ཞིབ་འཇུག་བྱས།

ཚོགས་འདུའི་ཐོག་བསྟན་དོན། རྒྱུ་རྐྱེན་ཚོང་ར་ཅན་གྱི་བཀོད་སྒྲིག་སྒྱུར་བཅོས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བའི་ལས་འགན་གཙོ་བོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། ཚོང་ར་རང་བཞིན་གྱི་བསྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། ཞིང་ས་དང་ངལ་རྩོལ་ནུས་ཤུགས།མ་རྩ། ལག་རྩལ།གཞི་གྲངས་ལ་སོགས་པའི་རྒྱུ་རྐྱེན་གཙོ་བོའི་ཁྱབ་ཁོངས་ལ་དམིགས་ཏེ། རིན་གོང་གྲུབ་པའི་རྐྱེན་སྲོལ་འཐུས་ཚང་དང་ཚོང་རའི་འཁོར་སྐྱོད་རྐྱེན་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། རྨང་གཞིའི་རང་བཞིན་ལྡན་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། མངོན་མེད་ཀྱི་བཀག་རྒྱ་སྣ་ཚོགས་སེལ་ཏེ། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྤུས་ཚད་བསྒྱུར་བཅོས་དང་ལས་ཕྱོད་བསྒྱུར་བཅོས།སྒུལ་ཤུགས་བསྒྱུར་བཅོས་བཅས་ལ་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་བསྟན་དོན། དགེ་རྒན་ནི་སློབ་གསོ་སྐྱོང་བའི་རྩ་བ་དང་སློབ་གསོ་དར་སྤེལ་གཏོང་བའི་མགོ་ཁུངས་ཡིན། བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་ཅིག་འཛུགས་རྒྱུ་ནི་ཟི་ལིང་སློབ་ཆེན་འཛུགས་མགོ་རྩོམ་པའི་དུས་རིམ་དང་འབྱུང་འགྱུར་འཕེལ་རྒྱས་ཀྱི་ལམ་ཁའི་གནད་འགག་དང་རྩ་བའི་ལས་དོན་རེད། རང་རེའི་ཞིང་ཆེན་གྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་ལས་དོན་དངོས་སུ་གཞི་ཚུགསཏེ། ཟི་ལིང་སློབ་ཆེན་གྱི་བསླབ་ཚན་དང་ཆེད་ལས་བཀོད་སྒྲིག ཤེས་ལྡན་པ་ནང་འདྲེན་བྱེད་པའི་སྲིད་ཇུས་ལ་ཕྱོགས་ཡོངས་ནས་བསམ་བློ་གཏོང་བ། ཤེས་ལྡན་པ་ནང་འདྲེན་བྱེད་པའི་སྤྱིའི་ཇུས་གཞི་ཞིབ་འཇུག་དང་གསར་སྐྲུན་བྱེད་པ། མཉམ་འབྲེལ་དང་ནང་འདྲེན་བྱེད་སྟངས་གསར་གཏོད་བཅས་བྱེད་དགོས། ཤེས་ལྡན་མི་སྣར་བརྟེན་ནས་ཤེས་ལྡན་པ་འགུག་པ་གཙོར་བྱས་ཏེ་རོགས་འདེགས་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། དགོས་མཁོའི་གསལ་ཐོ་བཟོ་བ། ཤེས་ལྡན་མི་སྣའི་གསོ་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ནས་ཤེས་ལྡན་མི་སྣའི་སེམས་ཀྱི་བདེ་སྐྱིད་དང་གྲུབ་འབྲས། གཟི་བརྗིད་བཅས་གཙིགས་སུ་འཛིན་དགོས་ཟེར།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་དགོས་ཞེས་པའི་མཛུབ་སྟོན་གལ་ཆེན་དང་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་དགོས་ཞེས་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར་ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་འཆར་འགོད་ཞིབ་འཇུག་བྱས་ཏེ་བཟོ་བ་དང་། ལག་རྩལ་ལ་ཤུགས་བསྣན་ནས་ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན། དུས་མཚུངས་སུ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་རྒྱལ་དབང་ཁེ་ལས་བསྒྱུར་བཅོས་བྱས་ནས་དཀའ་གནད་ལས་སྒྲོལ་བའི་ལས་དོན་ཡག་པོ་བསྒྲུབ་དགོས་ཞེས་བཤད།   

                                                                                     མི་ཕམ་མགོན་པོས་བསྒྱུར།