ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པ་འཚོགས་པ་དང་ཝང་ཅན་ཅུན་གྱིས་མགོ་འཛིན་བྱས།
2021.03.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ3པའི་ཚེས18ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2020ལོའི་བཅོས་བསྒྱུར་ལས་དོན་ལ་ཕྱོགས་སྡོམ་བྱས་པར་མ་ཟད། 2021ལོ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་གི་བཅོས་བསྒྱུར་གཙོ་གནད་ལས་འགན་ལ་ཞིབ་འཇུག་བྱས་པ་དང་། འབྲེལ་ཡོད་བཅོས་བསྒྱུར་ཇུས་གཞིར་གྲོས་ཞིབ་བྱས།

ཧྲིན་ཀྲང། ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞིན་ཁྲང་ཞིང་དང་། ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མགོན་པོ་བཀྲ་ཤིས་དང་ཐིན་ཅ་ཚའེ། ཝང་ཡུས་ཡན། ཡུས་ཚུང་ལི། མཱ་ཅི་ཞའོ། ཝང་ལིས་མེན། ཞིང་ཆེན་གྱི་མགོ་ཁྲིད་དབྱང་ཀྲི་ཝུན་དང་ལིའུ་ཁྲའོ། ཝང་ཀྲིན་ཁྲང་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཁྲོད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པའི་བཅོས་བསྒྱུར་གྱི་འགག་རྩའི་ནུས་པ་འདོན་སྤེལ་བྱེད་པར་བླང་བྱ་གསར་པ་བཏོན་ཡོད་ལ། བཅོས་བསྒྱུར་མ་ལག་གི་འདུས་གྲུབ་ལ་ཤུགས་སྣོན་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཐད་ལ་ཕན་འབྲས་ཐོན་པའི་བཀོད་སྒྲིག་གསར་བ་བྱས་ཡོད། དེ་ནི་དུས་རབས་གསར་པ་དང་དུས་རིམ་གསར་པར་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ཤེས་རྟོགས་རྣམ་བཤད་དང་བརྟག་ཐབས་སྨྲ་བ། ལག་ལེན་རྣམ་བཤད་བཅས་ཡིན་ལ། བསམ་བློའི་རང་བཞིན་དང་མཛུབ་སྟོན་རང་བཞིན། ཁ་གཏད་རང་བཞིན་བཅས་ཆེས་ཆེར་ལྡན་པས། འདུ་ཤེས་བཞི་ཇེ་དྲུག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ་བཅས་བྱས་ཏེ། བསམ་བློ་དང་ཆབ་སྲིད། སྤྱོད་ལམ་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་གཅིག་ཏུ་བྱས་ནས་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་སྔར་ལས་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་གནད་ཁེལ་སྒོས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་བཅོས་བསྒྱུར་ལ་བརྟེན་ནས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་རྣམ་པ་གསར་བ་བསྐྲུན་ནས་ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ཐོག་བསྟན་དོན། འདས་པའི་ལོ་གཅིག་རིང་ཞིང་ཆེན་ཡོངས་ཀྱིས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ལས་དོན་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་གསུང་བཤད་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་ཁ་ཕྱོགས་ནོར་བ་མེད་པ་དང་ཚད་མཐའ་བརྟན་སྲུང་། བཅོས་བསྒྱུར་དམ་འཛིན་གང་ལེགས་བྱས་ཏེ་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

ཚོགས་འདུའི་ཐོག་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་ཕྱོགས་ཡོངས་ནས་ཤེས་རྟོགས་དང་ཞིབ་འཇུག་བྱེད་པ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པར་དམིགས་ཏེ་བཅོས་བསྒྱུར་གྱི་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཐད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། རྒྱལ་ཁབ་ཀྱི་དོན་ཆེན་དང་ཞིང་ཆེན་གྱི་དོན་ཆེན་ལ་དམིགས་ནས་བཅོས་བསྒྱུར་ཇུས་གཞི་འགོད་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགསས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་གཙོ་གནད་ནས་མགོ་བརྩམས་ཏེ་སྤྱི་ཡོངས་ལ་སྐུལ་འདེད་གཏོང་རྒྱུར་སྐུལ་ཁྲིད་བྱེད་དགོས། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བའི་ཁེ་ཕན་གྱི་གནད་དོན་ལ་དམིགས་ནས་བཅོས་བསྒྱུར་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་བཅོས་བསྒྱུར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། སྐྱེ་ཁམས་ཕུན་སམ་ཚོགས་པ་དང་ཐོན་སྐྱེད་འཕེལ་རྒྱས། འཚོ་བར་འབྱོར་ཕྱུག་ལྡན་པའི་བཅོས་བསྒྱུར་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་བྱས་ནས་དཀའ་གནད་སེལ་བ་དང་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བཀོད་སྒྲིག་ཁྲོད་ཀྱི་ངས་མང་ཚོགས་ལ་ཞབས་འདེགས་ཞུ་ཞེས་པ་སོགས་ཀྱི་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས་བཅོས་བསྒྱུར་གྱི་བརྒྱུད་རིམ་དེ་དོན་དངོས་དང་དཀའ་གནད་སེལ་བའི་བརྒྱུད་རིམ་དུ་འགྱུར་བར་བྱེད་དགོས།

ཚོགས་འདུའི་ཐོག་ས་ཁུལ་དང་སྡེ་ཁག་ཁ་ཤས་ཀྱི་བཅོས་བསྒྱུར་ལས་དོན་ཡར་ཞུ་བྱས་པར་ཉན་པ་དང་《མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་གི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ལས་འགན་གཙོ་བོ》དང་།《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི2021ལོའི་ལས་དོན་གཙོ་གནད》《ཀྲུང་གུང་མཚོ་སྔོན་ཞིང་ཆེན་་ཨུ་ཡོན་ལྷན་ཁང་གི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི2020ལོའི་ལས་དོན་ཕྱོགས་སྡོམ་སྙན་ཞུ》《མཚོ་སྔོན་ཞིང་ཆེན་གྱི་ཡོན་ཧྲི་ཆེད་མཁས་པའི་ལས་དོན་ས་ཚིགས་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཅས་ལ་གྲོས་ཞིབ་བྱས།

མི་ཕམ་མགོན་པོས་བསྒྱུར།