ཝང་ཅན་ཅུན་གྱིས་མང་ཚོགས་ཚོགས་པའི་བྱ་བར་རྟོག་ཞིབ་བྱས།
2021.03.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་མང་ཚོགས་ཚོགས་པའི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་ཏེ།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་དོན་འཁྱོལ་བྱས་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ལ་དུས་རབས་གསར་པའི་གཟི་འོད་འཕྲོ་བར་བྱེད་པ་དང་།   མང་ཚོགས་ཚོགས་པའི་བྱ་བ་དུས་རབས་གསར་པར་བསྐྱོད་པ་དང་མི་དམངས་ཀྱི་སེམས་སུ་འཛུལ་བ།    འབད་འཐབ་ཀྱི་འཐབ་ཕྱོགས་དང་པོར་བསྐྱོད་པར་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཝང་ཅན་ཅུན་སྔ་གཞུག་ཏུ་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུའུ་བདེ་སྐྱིད་དབང་བོ་སྐྱོན་ཅན་གསོ་བཅོལ་ཁང་དང་མཚོ་སྔོན་ཁང་སེ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་ཟི།   མཚོ་སྔོན་ཐོན་རྫས་སྡེ་ཚོགས་སོགས་དང་། དེ་མིན་དབུལ་ཐར་བྱས་ཟིན་པའི་གྲོང་ཁྱེར་གྱི་དཀའ་ཁག་ཡོད་པའི་ལས་བཟོ་བའི་ཁྱིམ་དུ་སོང་ནས་དབང་བོ་སྐྱོན་ཅན་གྱི་གསོ་བཅོལ་དང་ན་གཞོན་ལས་གཏོད།   མ་བུའི་བདག་སྐྱོང་ཞབས་ཞུ།    གཞོན་ནུ་ལོ་ཆུང་གི་སྤྱི་ཚོགས་རྩ་འཛུགས་སྐྱེད་སྲིང་།   ལས་བཟོ་བའི་དཔེ་ཁང་འཛུགས་སྐྲུན།  དཀའ་ཁག་ཡོད་པའི་ལས་བཟོ་བའི་རོགས་སྐྱོར་སོགས་ཀྱི་བྱ་བར་ལྟ་ཞིབ་བྱས་པ་དང་།  མང་ཚོགས་ཚོགས་པའི་བྱ་བ་བཟང་བོར་བསྒྲུབ་རྒྱུ་ནི་སྤྱི་ཚོགས་དཔལ་ཡོན་ཡར་ཐོན་གྱི་མཚོན་རྟགས་ཤིག་ཡིན་པ་དང་།    མཁོ་འདོན་གྱིས་དགོས་མཁོ་གསར་སྐྲུན་བྱེད་དགོས་པ་དང་།  དགོས་མཁོ་ཡིས་ཀྱང་མཁོ་འདོན་གསར་སྐྲུན་བྱེད་དགོས།   དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དུ་མང་ཚོགས་ཀྱི་དཀའ་གནད་སེལ་བའི་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་།    གཞན་ལ་ཞབས་འདེགས་ཞུ་བའི་གོ་རིམ་ཁྲོད་རང་སྟེང་གི་རིན་ཐང་མངོན་འགྱུར་བྱེད་དགོས་པར་མ་ཟད།    མཚོ་སྔོན་ལ་དགའ་བ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ།   མཚོ་སྔོན་ལ་ཞབས་འདེགས་ཞུ་བའི་ཁྲོད་མཛེས་སྡུག་གི་ཁྱིམ་གཞིས་མཉམ་སྐྲུན་མཉམ་སྤྱོད་བྱེད་དགོས་ཞེས་བསྟན།

བཞུགས་མོལ་ཚོགས་འདུའི་སྟེང་།  ཝང་ཅན་ཅུན་གྱིས་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་།    ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས།      ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས།   ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས།   ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་བྱ་བའི་སྙན་ཞུར་ཉན་པ་དང་།   ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཚོགས་པའི་རྩ་འཛུགས་ལ་གུས་འདུད་ཞུས་པ་དང་།   མང་ཚོགས་ཚོགས་པའི་བྱ་བ་བསྒྲུབ་མཁན་རྣམས་ལ་འཚམས་འདྲི་དང་བཀའ་དྲིན་ཆེ་ཞུས།   ཁོས་ནན་གྱིས་བསྟན་དོན།    མཚོ་སྔོན་གྱི་བྱ་བ་ཚང་མས་འབད་འཐབ་ལ་བརྟེན་ནས་བསྒྲུབ་དགོས།   མང་ཚོགས་ཚོགས་པའི་རྩ་འཛུགས་ནི་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་།   བཅོས་སྐྱོང་ནུས་པའི་ཕྱོགས་གལ་ཆེན་ཞིག་ཡིན་པས།   མང་ཚོགས་ཚོགས་པའི་དམིགས་བསལ་དགེ་མཚན་འདོན་སྤེལ་བྱེད་དགོས་པ་དང་།   ཏང་གི་དགོངས་དོན་ལག་བསྟར་དང་བློ་གཅིག་སེམས་གཅིག་གིས་རིགས་སོ་སོའི་མང་ཚོགས་ལ་ཞབས་འདེགས་ཞུ་དགོས།   ཚོགས་པ་མི་འདྲ་བ་རེ་ལ་རྩ་འཛུགས་ཀྱི་ཁོངས་གཏོགས་རང་བཞིན་ལྡན་དགོས།   རྩ་འཛུགས་ནི་ཁྱིམ་གཞིས་ཡིན་པ་དང་།  ཁྱིམ་གཞིས་ཡོད་ན་ད་གཟོད་བརྟན་བརླིང་ཡིན་པས།    སྣང་བརྙན་བཟང་བོ་དང་ནུས་ཡོད་སྟེགས་བུས་ཚོགས་པ་མི་འདྲ་བར་ཁོངས་གཏོགས་ཀྱི་བསམ་པ་དང་གཟི་བརྗིད་ཀྱི་བསམ་པ།  སྤོམས་སེམས་ཀྱི་བསམ་པ།   ལ་རྒྱའི་བསམ་པ་བཅས་ཡོད་པར་བྱེད་དགོས།   མང་ཚོགས་ཚོགས་པས་བསྒྲུབ་བཞིན་པའི་ལས་དོན་ནི་ཚང་མས་དོ་ཁུར་བྱེད་པའི་ལས་དོན་ཞིག་ཡིན་པས།   མང་ཚོགས་ཚོགས་པའི་བྱ་བ་བཟང་བ་དང་མཚོ་སྔོན་གྱི་སྣང་བརྙན་བཟང་བའི་སྒོ་ནས་ཏང་དང་མི་དམངས་ཀྱིས་གནང་བའི་ལས་དོན་ཡག་པོར་བསྒྲུབ་དགོས།     མཐུན་སྒྲིལ་ནི་མང་ཚོགས་ཚོགས་པའི་སྟོབས་ཤུགས་གནས་ས་ཡིན།    གནས་བརྗེས་བསམ་གཞིགས་ནི་ཆེས་ལེགས་པའི་མཉམ་གནས་ཡིན་པས།    ཞི་འཇམ་དང་བསམ་ཤེས་ཀྱིས་འགོ་ཁྲིད་ཚན་ཁག་གི་མཐུན་སྒྲིལ་སྲུང་སྐྱོབ་བྱེད་དགོས་པ་དང་།    ཁེངས་སྐྱུང་དང་བརྩི་འཇོག་གིས་རང་རང་གི་ཞབས་ཞུ་བྱེད་ཡུལ་ལ་གཅེས་སྐྱོང་བྱེད་དགོས་པར་མ་ཟད།  མང་ཚོགས་ཚོགས་པ་རྩ་འཛུགས་ཀྱི་གཟེངས་བསྟོད་ལ་བརྟེན་ནས་ཞིང་ཆེན་གྱི་དྲང་ཕྱོགས་སྟོབས་ཤུགས་གསར་སྐྲུན་བྱེད་དགོས།    སེམས་ཤུགས་བརྟན་པོས་དུས་རབས་གསར་པའི་མང་ཚོགས་ཚོགས་པའི་བྱ་བའི་ཆོས་ཉིད་འཚོལ་ཞིབ་བཟང་བོ་བྱེད་དགོས།   དུས་རབས་གསར་པའི་མང་ཚོགས་ཚོགས་པའི་བྱ་བའི་འགྱུར་མེད་རང་བཞིན་དང་ཆོས་ཉིད་རང་བཞིན་ནི་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་དྲན་པ།  ཏང་གི་རྗེས་སུ་འབྲངས་རྒྱུ་བཅས་ཡིན །    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་བརྩེ་སེམས་དང་མང་ཚོགས་ཚོགས་པའི་བྱ་སྤྱོད།   ཞབས་ཞུ་གཞི་རྩ་ཡིན་པའི་འདུ་ཤེས་བཅས་ལ་བརྟེན་ནས་རིགས་སོ་སོའི་མི་དམངས་མང་ཚོགས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས།   ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དམ་འཛིན་ནན་མོ་བྱེད་དགོས།    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཀྱི་བདེན་ལུགས་དོན་གཉེར་བྱེད་དགོས་པ་དང་།  ཏང་དང་གཙོ་འཛིན།    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས།    མི་དམངས་བཅས་ལ་བཅངས་པའི་བརྩེ་སེམས་ཇེ་དྲག་ཏུ་གཏོང་དགོས་པ་དང་།   མང་ཚོགས་ཚོགས་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་དོན་དངོས་བསྒྲུབ་པའི་ཁྲོད་འཇོན་ཐང་ཆེ་རུ་གཏོང་དགོས་ཟེར།

མཱ་ཅི་ཞའོ་དང་ཉའོ་ཁྲུན་ཡུན།   དབྱང་ཧྥིན་ཁྲུན་བཅས་ལྟ་ཞིབ་ལ་ཞུགས།

                                                                                             ལྷ་མོ་ཚེ་རིང་གིས་བསྒྱུར།