ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། ས་བབ་དང་བསྟུན་པ་དང་དགེ་སྤེལ་སྐྱོན་སྤང་བྱས་ཏེ། རང་ས་ཁུལ་གྱི་གནས་ཚུལ་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་བཏོད་དགོས་ཟེར།
ཏ་ཐུང་རྫོང་ཁྲང་ཉིང་གྲོང་རྡལ་དུ་ཡོད་པའི་ཟི་ལིང་གྲོང་ཁྱེར་འཚོ་བའི་གད་སྙིགས་མེ་བསྲེག་གློག་འདོན་ལས་གཞི་ནི་རང་ཞིང་གི་འཚོ་བའི་གད་སྙིགས་མེ་བསྲེག་གློག་འདོན་ལས་གཞི་ཐོག་མ་ཡིན་པ་དང་། ཞིན་ཁྲང་ཞིང་གིས་ཁོར་ཡུག་སྲུང་སྐྱོབ་ཇུས་འགོད་དང་བཟོ་རྩལ་བརྒྱུད་རིམ། ལས་གཞིའི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བཤད་རྒྱུར། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེ་བ་དང་སྐྱེ་ཁམས་འགན་འཁྲི་ཧ་ཅང་ལྕི་ལ། གད་སྙིགས་ཐག་གཅོད་པ་ནི་གྲོང་ཁྱེར་དོ་དམ་ཁྲོད་ཀྱི་དཀའ་གནད་ཡིན་པས། ངེས་པར་དུ་ལས་གཞི་འཛུགས་སྐྲུན་དེ་ཁོར་ཡུག་སྲུང་སྐྱོབ་ཀྱི་རེ་བ་དང་མཐུན་པར་ཁག་ཐེག་བྱེད་པ་དང་། གད་སྙིགས་ཐག་གཅོད་གནོད་མེད་ཅན་དང་ཚད་ཉུང་ཅན། ཐོན་ཁུངས་ཅན་དུ་བསྒྱུར་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྣེ་ཁྲིད་དུ་བྱས་ཏེ། ཚད་གཞི་མཐོན་པས་ཇུས་འགོད་བྱེད་པ་དང་སྤུས་ཚད་མཐོན་པོས་འཛུགས་སྐྲུན་བྱེད་པ། ཚད་གཞི་མཐོན་པོས་འཁོར་རྒྱུག་བྱེད་པ། ལས་གཞི་དང་འབྲེལ་ཡོད་ཆ་སྡེབས་སྒྲིག་ཆས་འཛུགས་སྐྲུན་མྱུར་དུ་སྤེལ་ནས། ཟི་ལིང་གི་གད་སྙིགས་མེད་པའི་གྲོང་ཁྱེར་ཚོད་ལྟ་འཛུགས་སྐྲུན་བྱེད་པའི་ཐད་རྨང་གཞི་འདིང་དགོས། བསམ་བློ་བཟང་བོས་གད་སྙིགས་ཀྱི་རིགས་བགར་བ་དང་བསྡུ་འདྲེན། ཐག་གཅོད་སོགས་གོ་རིམ་ཧྲིལ་བོའི་དོ་དམ་བཟང་བོར་སྤེལ་བ་དང་། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་དགོས་མཁོ་གཉིས་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ལེགས་འཚོ་བ་བསྐྲུན་པ་བཅས་ཟུང་འབྲེལ་བྱེད་པ་དང་ཕན་ཚུན་སྐུལ་འདེད་གཏོང་དགོས་ཟེར།
ཞིན་ཁྲང་ཞིང་གིས་ད་དུང་ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་སྐྲུན་དང་ཀྲུང་གོ་ཧ་ཡང་ལས་རིགས་མ་རྐང་ཚད་ཡོད་ཀུང་ཟི་མཚོ་སྔོན་ཡན་ལག་ཀུང་ཟི། ཏ་ཐུང་སྔོ་ཚལ་མྱུག་གསོ་དང་མཁོ་འདོན། ནས་སོགས་ཁྱད་ཆོས་ཐོན་རྫས་ལས་སྣོན་གནས་ཚུལ་བཅས་ལ་རྟོག་ཞིབ་བྱས།
ཁྲིན་རུའེ་ཧྥིན་དང་ཀྲང་ཞོ་རོང་གཉིས་སོ་སོར་འབྲེལ་ཡོད་རྟོག་ཞིབ་བྱ་འགུལ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།