ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་དང་རྒྱལ་ཡོངས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས་ལ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་མགོ་འཛིན་བྱས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པའི་སྟེང་། སྟེགས་བུ་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་དང་ཐཱན་ཉུང་གཏོང་། ཐན་སྙོམས་སྦྱོར་ལ་སྐུལ་འདེད་གཏོང་བའི་ཐད་ནས་འཐབ་ཇུས་བཀོད་སྒྲིག་བྱས་པ་དེ། མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་འཕེལ་རྒྱས་དང་ལྷག་པར་དུ་དཔལ་འབྱོར་རྣམ་པ་བཞི་སྐྱེད་སྲིང་བྱེད་པ་དང་དཔེ་སྟོན་ཞིང་ཆེན་ལྔ་འཛུགས་སྐྲུན་བྱེད་པའི་ཐད་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པས། སློབ་སྦྱོང་ནན་མོ་དང་རྒྱུས་ལོན་ཡང་དག་བྱེད་པ་དང་། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ་དང་གཅིག་གྱུར་སྒོས་ལག་བསྟར་བྱས་ཏེ། འགན་འཁྲི་འདུ་ཤེས་མཐོན་པོ་དང་བྲེལ་མྱུར་འདུ་ཤེས་དྲག་པོས་ལག་བསྟར་དམ་འཛིན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ལ་གཟིགས་ཞིབ་གནང་སྐབས་བཏོན་པའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་སྤེལ་མྱུར་དུ་སྤེལ་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་སོགས་བླང་བྱ་གལ་ཆེན་ནི། ཧྥུའུ་ཅན་ལ་བཏོན་པའི་རེ་བ་ཡིན་ལ། མཚོ་སྔོན་ལ་བཏོན་པའི་རེ་བ་ཡང་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་ཟུང་འབྲེལ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་རང་ཉིད་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་མཚོ་སྔོན་ནས་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་བླང་བྱ་ལག་བསྟར་ཟབ་མོ་བྱེད་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆར་དམིགས་ནས། དཔྱིད་ཀའི་ཞིང་ཕྱུགས་ལས་ཐོན་སྐྱེད་དམ་འཛིན་བྱེད་དགོས། སོན་བཟང་ཐབས་བཟང་ལ་བརྟེན་ནས་ཐོན་ཚད་ཇེ་མང་དང་སྤུས་ཚད་མཐོར་འདེགས་གཏོང་བ་དང་། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་མཐོར་འདེགས་གཏོང་དགོས། མཐོ་སྒང་གི་ནམ་ཟླ་འཁྱག་པའི་དགེ་མཚན་འདོན་སྤེལ་བྱས་ཏེ། འཚོལ་སྙེག་བྱེད་ཆོག་པ་དང་མིང་དུ་གྲགས་པ། ཁ་ཟས་བདེ་འཇགས་ལ་འགན་སྲུང་བྱེད་པའི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་བྱེད་དགོས། སྐྱེས་དངོས་བཟོ་གྲྭ་དང་རིག་སྟོབས་ཞིང་ལས། རྩོལ་ནུས་ཟས་རིགས་འཚོལ་ཞིབ་བྱས་ནས། སྲོལ་རྒྱུན་ཞིང་ལས་ཚུལ་བསྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་དགོས། སྟེགས་བུ་དཔལ་འབྱོར་གྱི་བསམ་བློ་སྤྱད་དེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་གི་ལམ་བུ་འཚོལ་དགོས། ཐབས་བརྒྱ་ཇུས་སྟོང་གིས་རོང་འབྲོག་དམངས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་། ཧུར་ཐག་གིས་མཉམ་དུ་ཕྱུག་པོར་བསྒྱུར་བ་མངོན་འགྱུར་བྱེད་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་སྤེལ་བ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་སྲིད་ཁྲིམས་དཔུང་སྡེའི་ཡིད་ཆེས་མཐོན་པོ་དང་ཐུགས་ཁུར་བརྩེ་སེམས་མངོན་པར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་སྡེ་བཅོས་སྐྱོང་བྱ་བ་བརྟན་བརླིང་ངང་སྤེལ་བ་དང་འགོ་བཟང་བོ་བརྩམས་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། འདྲ་མཉམ་དྲང་གཞག་དང་གནད་དོན་གྱི་ཁྲིད་ཕྱོགས། ཁྲིད་ཞོར་དུ་བཅོས་སྐྱོང་བྱེད་པ་འབུར་དུ་ཐོན་པར་བྱེད་པ། སློབ་གསོ་སྔོན་དུ་བསྐྱོད་པ་དང་བཅོས་སྐྱོང་གཙོར་འཛིན་པ། ལྟ་སྐུལ་མཛུབ་ཁྲིད་ཐད་ཤུགས་སྣོན་པ། སྲིད་ཇུས་ཚད་གཞི་རུ་བྱེད་པ། གྲུབ་འབྲས་ལ་དོ་སྣང་བྱེད་པ། ལམ་ལུགས་གཙོར་འཛིན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཉེན་རྟོག་པ་ཡོངས་ཀྱི་བསམ་བློ་དང་འགུལ་སྐྱོད་གཉིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་སྟེང་གཅིག་གྱུར་བྱེད་པ་དང་། སློབ་གསོ་བཅོས་སྐྱོང་གི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་པ། ཧུར་ཐག་གིས་ཏང་ཀྲུང་དབྱང་གིས་ཁས་ལེན་པ་དང་སྤྱི་ཚོགས་ཡོངས་ཀྱིས་ཁས་ལེན་པ། རིགས་སོ་སོའི་མང་ཚོགས་ཡིད་ཚིམ་པའི་རྒྱུགས་ལན་བཟང་བོ་སྤྲོད་པ་དང་། གྲུབ་འབྲས་བཟང་བོས་ཏང་གི་ལོ་བརྒྱའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་དགོས་ཟེར།
ཚོགས་ཐོག་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་བཟང་བོ་བྱེད་པའི་སྐོར་གྱི་ལག་བསྟར་གྲོས་གཞི་དང2020ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་གཙོ་གཞི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ཞིབ་བཤེར་དཔྱད་ཞིབ་གནས་ཚུལ་གྱི་བརྡ་ཁྱབ། 2021ལོའི་དམངས་གཙོ་གྲོས་མོལ་གྲོས་དོན་བཀོད་སྒྲིག་འཆར་འགོད་དང་། དམངས་གཙོ་ཏང་ཁག་དང་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་རྟོག་ཞིབ་དཔྱད་གཞི་གཙོ་བོའི་བཀོད་སྒྲིག་འཆར་གཞི་བཅས་ལ་གྲོས་ཞིབ་བྱས་པ་དང་། བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།