ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མཚོ་ཤར་གྲོང་ཁྱེར་གྱི་ལས་གཞི་གཙོ་བོའི་སླར་གསོ་དང་ཐོན་ལས་འཕེལ་རྒྱས་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས་པ་དང་། བརྟན་འཇགས་དྲུག་གི་ལས་དོན་རྨང་རྐང་བརྟན་པོའི་སྒོ་ནས་སྒྲུབ་པ། ཁྱོན་ཡོངས་ནས་འགན་སྲུང་དྲུག་གི་འོས་འགན་དངོས་འབེབས་བྱེད་པ་བཅས་ལ་འབད་དེ། འགན་འཁྲིའི་འདུ་ཤེས་དྲག་པོར་བརྟེན་ནས་ལས་གཞི་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་བརྒྱུད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་ཡག་པོ་རྩོམ་དགོས་ཟེར།
ཕན་འབྲས་ལྡན་པའི་སྒོ་ནས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་ནང་མཁོ་རྒྱ་བསྐྱེད་པ། དམངས་ཚིས་ལ་འགན་སྲུང་བྱེད་པ་བཅས་ཀྱི་ལས་གཞི་གཙོ་བོ་དངོས་འབེབས་བྱེད་ཆེད། ད་ལོ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་འགན་སྒྲུབ་མཉམ་འབྲེལ་ལས་གཞི་གལ་ཆེན་ལ་སྐུལ་འདེད་གཏོང་བའི་བྱ་བའི་སྒྲིག་ལུགས་འཐུས་ཚང་དུ་བཏང་། ཞིན་ཁྲང་ཞིང་གིས་འགན་སྒྲུབ་ལས་གཞིའི་ཁྲོད་ཀྱི་ཟི་ལིང་ཚའོ་ཅཱ་པུའུ་གནམ་གྲུ་ཐང་གི་རྒྱ་སྐྱེད་འཛུགས་སྐྲུན་ལས་གཞི་སྐབས་གསུམ་པའི་ཡུལ་དངོས་ནས་ལས་གཞི་སྤེལ་བའི་གནས་ཚུལ་དང་མཐུན་རྐྱེན་འགན་སྲུང་། དཀའ་ངལ་གནད་དོན་བཅས་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ་ནན་གྱིས་བསྟན་དོན། མཚོ་སྔོན་ནི་མཐོ་སྒང་དུ་གནས་པར་བརྟེན། གནམ་གྲུ་ཐང་ནི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པ་དང་མང་ཚོགས་ཀྱི་འགྲོ་འདུག་དཀའ་ངལ་ཐག་གཅོད་བྱེད་ཀྱི་རྨང་གཞིའི་སྒྲིག་ཆས་གལ་ཆེན་ཞིག་ཡིན། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་དང་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་གནས་བསྐྲུན་རྒྱུ་འགན་འཁྲིར་བརྩིས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱིའི་འཐབ་ཇུས་ཀྱི་མཐོ་ཚད་ནས། ལས་གཞི་དུས་ལྟར་ཕན་འབྲས་ལྡན་ཞིང་གོ་རིམ་ཡོད་པ། བརྟན་འཇགས་ཡིན་པ་བཅས་ཀྱི་སྒོ་ནས་སྤེལ་བར་འགན་ལེན་བྱེད་དགོས། བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་ལེགས་སྒྲིག་བྱ་བར་ཤུགས་སྣོན་རྒྱུ་དང་ས་རྡུལ་གང་སར་ཁྱབ་ནས་བཙོག་པར་བཟོ་བའི་རྣམ་པར་ཚོད་འཛིན་གང་ལེགས་བྱེད་པ། ཉེ་འཁོར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལ་གང་ནུས་ཅི་ལྕོགས་ཀྱིས་ཤུགས་རྐྱེན་མི་བཟོ་བ་བཅས་བྱས་མཐར། མདོ་དབུས་མཐོ་སྒང་གི་ཚབ་མཚོན་རང་བཞིན་གྱི་བཟོ་སྐྲུན་གཉེར་དགོས་ཟེར།
ཞིན་ཁྲང་ཞིང་གིས་སྒུལ་ནུས་གློག་རྫས་རྒྱུ་ཆའི་ཐོན་སྐྱེད་དང་ཕྱིར་བསྡུ་སོགས་ཀྱི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་བོར་བཟུང་ནས། མཚོ་སྔོན་གྱི་གནམ་གཤིས་སྐམ་ཤས་ཆེ་བ་དང་ལྷད་མེད་གློག་རྫས་ཕུན་སུམ་ཚོགས་པ་སོགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པ་བཅས་བྱས་མཐར། ལྷད་མེད་དང་ཐཱན་ཉུང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།
ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་ནགས་ལས། ཕྱུགས་ལས་བཅས་ཀྱི་ཚོང་རྫས་ཉོ་ཚོང་ལྟེ་གནས་སུ། འབྲེལ་ཡོད་འགན་ཁུར་བས་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་རྗེས་བསྟན་དོན། མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་དགེ་མཚན་ནི་གྲངས་འབོར་གྱི་སྟེང་ན་མེད་པར་སྤུས་ཀའི་སྟེང་ན་ཡོད། ནས་ཆང་དང་ནོར་གནག་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས། བྱེད་ནུས་རང་བཞིན་གྱི་ཟས་རིགས་གསར་སྤེལ་ལ་དོ་སྣང་བྱེད་རྒྱུ་དང་ལས་རིམ་ཧྲིལ་བོའི་སྤུས་ཚད་དོ་དམ་རྒྱུན་འཁྱོངས་བྱེད་པ། ཟས་རིགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་ལ་འབད་དེ། མཚོ་སྔོན་རྟགས་མའི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་མིང་གྲགས་ཐོན་རྫས་གཉེར་དགོས་ཟེར། ཉིན་དེར་ཞིན་ཁྲང་ཞིང་གིས་འགྲིམ་འགྲུལ་ལས་གཞིའི་སྐོར་གྱི་འཆར་འགོད་གནས་ཚུལ་ལའང་རྟོག་ཞིབ་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།