ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་ལྔ་པས་མཚོ་སྔོན་གྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་པའི་སྙན་ཞུ་གྲོས་ཚོགས་ཟི་ལིང་ནས་བསྡུས་པ་དང་། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་ཚན་གཙོ་ཁྲིན་ཧའོ་ཡིས་ལྟ་སྐུལ་མཛུབ་སྟོན་ལས་དོན་བཟང་བོར་བསྒྲུབ་པའི་ཐད་ནས་གཏམ་བཤད། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་ཚན་གཙོ་གཞོན་པ་མཱ་ཀྲིན་ཆི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་རྣམ་འགྱུར་སྟོན་པའི་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཞིན་ཁྲང་ཞིང་ཚོགས་འདུར་ཞུགས།
ཁྲིན་ཧའོ་ཡིས་བསྟན་དོན། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དཔྱིས་ཕྱིན་པ་བྱས་ཏེ། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར་དུ། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་དག་ཐེར་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ནས། ཚན་རིག་དང་མཐུན་པའི་འཆར་གཞི་བཀོད་པ་དང་སེམས་ཞིབ་མོས་རྩ་འཛུགས་བྱས་པ། མགྱོགས་མྱུར་ངང་ལག་ལེན་དུ་བསྟར་བ། འཇོན་མི་བསྐོ་འཐེན་བྱས་པ་བཅས་ལ་བརྟེན་ནས། ཞིང་ཆེན་རིམ་པའི་མཛུབ་སྟོན་ཚན་ཁག་བཙུགས་པར་མ་ཟད་བདེ་ལེགས་ངང་བཅའ་སྡོད་བྱས་ཏེ། རང་ཞིང་གི་སློབ་གསོ་དག་ཐེར་སྐོར་ཐེངས་དང་པོའི་མགོ་ཡག་པོ་བརྩམས། དུས་མཚུངས་སུ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་དམ་པོར་སྦྲེལ་ནས། ཆབ་སྲིད་སློབ་གསོ་དང་ཉེན་ཟོན་སློབ་གསོ། དཔའ་བོའི་ཚབ་མཚོན་སློབ་གསོ་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་། དེ་ལས་གཞན་སྤུས་ཚད་མཐོ་བའི་སྒོ་ནས་སློབ་སྦྱོང་སློབ་གསོའི་ལས་རིམ་དམ་པོར་བཟུང་ནས། ཉམས་མྱོང་བཟང་བོ་དང་ཁྱད་ཆོས་འབུར་ཐོན་འགའ་གྲུབ་པར་བྱས་ཏེ། དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས། ཟླ་བཞི་པའི་ཟླ་མགོ་ནས་བཟུང་། གྲོང་ཁྱེར་དང་རྫོང་རིམ་པའི་སློབ་གསོ་དག་ཐེར་ལས་དོན་སྔ་གཞུག་བྱས་ཏེ་ཞིབ་བཤེར་ཡོང་བསྲང་གི་དུས་རིམ་དུ་ཚུད་ངེས། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་དུས་རིམ་གལ་ཆེན་འདི་ལྟ་བུའི་ནང་མཚོ་སྔོན་དུ་བཅའ་སྡོད་བྱེད་དོན་ནི། གནད་འགག་དུས་རིམ་འདིའི་ནང་ལྟ་སྐུལ་མཛུབ་སྟོན་གྱི་ལས་དོན་དམ་པོར་འཛིན་ཆེད་ཡིན། ནོར་འཁྲུལ་ལ་ཞིབ་བཤེར་བྱས་ཏེ་དག་ཐེར་བྱེད་པའི་ལས་རིམ་ནི་སློབ་གསོ་དག་ཐེར་གྱི་གཙོ་གནད་ཡིན་པར་བརྟེན། དེ་ནི་དུས་ཡུན་རིང་ལ་འོས་འགན་ལྕི་ཞིང་། སྲིད་ཇུས་དང་འབྲེལ་བ་ཆེས་མང་བའི་ལས་རིམ་ཞིག་ཡིན། གནད་དོན་དང་ནོར་འཁྲུལ་ལ་ཞིབ་བཤེར་བྱས་པ་གཏིང་ཟབ་མིན་དང་དག་ཐེར་བྱས་པ་དོན་གནས་ཡིན་མིན་གྱིས་ཐད་ཀར་སློབ་གསོ་དག་ཐེར་གྱི་ཕན་འབྲས་ཐག་གཅོད་བྱེད་ཀྱིན་ཡོད་ལ། ང་ཚོའི་དུས་རིམ་དང་པོའི་ནང་གི་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་དུས་རིམ་གལ་ཆེན་ཞིག་ཀྱང་ཡིན། མཚོ་སྔོན་གྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལ་ལྟ་སྡུར་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ངོས་ཟིན་གཅིག་གྱུར་བྱེད་དགོས་པ་དང་། དུས་རིམ་གལ་ཆེན་འདིའི་ནང་ཡང་སྙིང་གནད་དོན་གང་ཞིག་ཐག་གཅོད་དགོས་པ་དང་ཕན་འབྲས་ག་འདྲ་ལོན་དགོས་མིན་མངོན་གསལ་ཅན་དུ་བཏང་ནས། སྤྱི་ཁོག་ནས་དམིགས་འབེན་མངོན་གསལ་ཅན་དུ་གཏོང་བ་དང་ཁ་ཕྱོགས་མ་ནོར་བར་བྱེད་པ། ལས་ཀའི་འཕེལ་འགྲོས་ཁོང་དུ་ཆུད་པར་བྱེད་པ། ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ། ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་སྤྱི་སྡོམ་བྱེད་པ། སློབ་སྦྱོང་སློབ་གསོ་ཐོག་མཐའ་ཀུན་ཏུ་ཁྱབ་པར་བྱེད་པ་བཅས་ལ་འབད་དེ། གནད་ཆུང་ངུས་ངོས་ཆེན་པོ་ཟིན་ཐུབ་པའི་དཔེ་སྟོན་བྱེད་ནུས་འདོན་ཐུབ་དགོས། སློབ་གསོ་དག་ཐེར་ལྟ་སྐུལ་མཛུབ་སྟོན་བྱ་བ་བཟང་བོར་སྒྲུབ་རྒྱུ་ནི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་དང་ལྟ་སྐུལ་བྱེད་ཡུལ་ས་གནས་གཉིས་ཀའི་ཐུན་མོང་གི་ཆབ་སྲིད་འོས་འགན་ཡིན། ཐེངས་འདིའི་ལྟ་སྐུལ་མཛུབ་སྟོན་གྱི་དུས་ཚོད་དམ་ལ་འོས་འགན་ལྕི་བ་དང་། དཀའ་ཁག་ཆེ་བས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། ལྟ་སྐུལ་མཛུབ་སྟོན་བྱ་བའི་དག་ཐེར་མཉམ་འགུལ་དང་ཕྱོགས་བསྡུས་སྟོབས་ཤུགས་གྲུབ་པར་འགན་ལེན་བྱེད་དགོས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་འགོ་ཁྲིད་ཚན་ཆུང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་ཇེ་བརྟན་དུ་བཏང་ནས། རང་རྟོགས་སྒོས་ལྟ་སྐུལ་མཛུབ་སྟོན་དང་ལེན་བྱེད་རྒྱུ་དང་། ནན་ཏན་སྒོས་ལྟ་སྐུལ་མཛུབ་སྟོན་དག་ཐེར་སོགས་ཀྱི་འབྲེལ་ཡོད་ལས་དོན་བཟང་བོར་སྒྲུབ་སྟེ། ལྟ་སྐུལ་མཛུབ་སྟོན་ཚན་ཁག་དང་མཉམ་དུ་ཏང་ཀྲུང་དབྱང་གིས་བཅོལ་བའི་སློབ་གསོ་དག་ཐེར་གྱི་ལྟ་སྐུལ་མཛུབ་སྟོན་འོས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།
ཝང་ཅན་ཅུན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུས་བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་བྱ་བའི་བླང་བྱ་དངོས་འབེབས་མཐར་ཕྱིན་བྱེད་ངེས་ཡིན། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ལས་དོན་དམ་པོར་འཛིན་རྒྱུ་ནི་འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ་བཅས་ཀྱི་ཚོད་བགམ་གལ་ཆེན་ལ་བརྩིས་ཏེ། ཉམས་སད་ཐེག་ཐུབ་པའི་སྲིད་ཁྲིམས་དཔུང་སྡེའི་བསྐྲུན་རྒྱུ་བྱེད་ཐབས་གཙོ་བོར་བཟུང་ནས། སློབ་གསོ་དག་ཐེར་གྱི་བསམ་བློ་རང་རྟོགས་དང་ཆབ་སྲིད་རང་རྟོགས། ལག་ལེན་རང་རྟོགས་བཅས་མངོན་སུམ་གྱིས་ཇེ་དྲག་ཏུ་གཏོང་རྒྱུ་མ་ཟད། བློ་ཐག་རྦད་ཆོད་སྒོས་ཆབ་སྲིད་ཀྱི་སྟེང་ནས་ལྟ་སྡུར་དང་བྱ་བའི་སྟེང་ནས་སྦྲེལ་མཐུད། གོ་རིམ་གྱི་སྟེང་ནས་གོམ་སྟབས་གཅིག་མཐུན། དག་ཐེར་གྱི་སྟེང་ནས་གནད་དོན་གཙོ་བོར་དམིགས་པ། སྐུལ་འདེད་གཏོང་བའི་སྟེང་ནས་ཆ་འགྲིག་ཡོང་བར་བྱས་ཏེ། རང་རྟོགས་སྒོས་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་བཀོད་སྒྲིག་དང་དུ་བླངས་ཏེ། ཚད་མཐོན་པོའི་སྒོ་ནས་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་བཏོན་པའི་བླང་བྱ་རེ་རེར་མཐོང་ཆེན་བྱེད་པ་ང་། བཅོལ་བའི་ལས་དོན་རེ་རེ་གཟབ་ནན་ངང་བསྒྲུབ་པ། འདོན་སྤྲོད་བྱས་པའི་ཁུངས་སྣེ་རེ་རེ་མ་ནོར་བར་རྩད་གཅོད་བྱེད་པ་དང་ལྟ་སྒྲུབ་གྱི་གྱོད་དོན་བཟང་བོར་བསྒྲུབ་པ། བསྟན་པའི་གནད་དོན་ཐག་གཅོད་ལེགས་པོ་བྱེད་པ། བཏོན་པའི་བསམ་འཆར་དངོས་འབེབས་བྱེད་པ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་མཐོན་པོར་བརྟེན་ནས་སློབ་གསོ་དག་ཐེར་གཏིང་ཟབ་ས་དང་ཞིབ་ས། བདེན་དངོས་བཅས་ཀྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན། བློ་ཐག་རྦད་ཆོད་སྒོས་སློབ་གསོ་དག་ཐེར་གྱི་ཆབ་སྲིད་འོས་འགན་ཕྲག་སྟེང་དུ་བླངས་ནས། སློབ་གསོ་དག་ཐེར་སྤེལ་རྒྱུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་བྱེད་རྒྱུ་གཉིས་གཞི་གཅིག་ཏུ་སྦྲེལ་དགོས་ལ། ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་བརྟན་འཇགས་བདེ་སྲུང་འོས་འགན་ལག་བསྟར་བྱེད་རྒྱུ་དང་གཞི་གཅིག་ཏུ་སྦྲེལ་དགོས། དེ་མིན་ད་དུང་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཕན་འབྲས་རྒྱ་སྐྱེད་སྲ་བརྟན་གཏོང་བ་དང་རྒྱུན་རྣམ་ཅན་གྱི་འཐབ་རྩོད་ལ་སྐུལ་འདེད་གཏོང་རྒྱུ་དང་གཞི་གཅིག་ཏུ་སྦྲེལ་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་བཅོས་སྐྱོང་བྱ་བར་སྐུལ་འདེད་གཏོང་རྒྱུ་དང་གཞི་གཅིག་ཏུ་སྦྲེལ་མཐར། ཆབ་སྲིད་བཟང་བོར་སྒྲུབ་པ་དང་ཕུགས་ཕན་གྱི་མིག་རྒྱང་རིང་བོ་བཅངས་ཏེ། སློབ་གསོ་དག་ཐེར་གྱི་ཉམས་མྱོང་གྲུབ་འབྲས་བྱང་ཚད་མཐོ་བའི་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་གྱི་ཕུགས་ཕན་ལམ་སྲོལ་དུ་བསྒྱུར་དགོས་པ་དང་། སྲིད་ཁྲིམས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དངོས་ཡོད་ཕན་འབྲས་སུ་བསྒྱུར་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་སློབ་གསོ་དག་ཐེར་གྱིས་བྱིན་པའི་ཉམས་སྣང་གསར་པ་དང་འགྱུར་ལྡོག་གསར་པ་ཚོར་དུ་བཅུག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་མཚོ་སྔོན་གྱི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་རྒྱུགས་འབྲས་ཚད་ལྡན་འབུལ་དགོས་ཟེར།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དབྱིན་པའེ་ཡིས་མཚོ་སྔོན་གྱི་སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་དང་སློབ་གསོ་དག་ཐེར་བྱ་བ་སྤེལ་བའི་གནས་ཚུལ་སྙན་ཞུ་ཕུལ།
ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་ལྔ་པའི་ཁོངས་མི་དང་། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཅེ་ཞང་དང་ཡུས་ཚུང་ལི། མིན་ཡུང་ཧྲན། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ་ཏང་ཨུའི་སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སོ་སོ། ཞིང་ཆེན་བཙོན་ཁང་དོ་དམ་ཅུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་བཅས་སྙན་ཞུ་འབུལ་བའི་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།