ཟླ་བཞི་པའི་ཚེས་དྲུག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་སོང་ནས་བཟོ་ལས་ཁེ་ལས་འཁོར་སྐྱོད་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་གནས་ཐིག་གཏན་ཁེལ་ཡང་དག་བྱེད་པ། འཕེལ་རྒྱས་ཀྱི་བསམ་ཕྱོགས་ཇེ་གསལ་དུ་གཏོང་བ། མཚོ་སྔོན་གྱི་དགེ་མཚན་དང་ཐོན་ཁུངས་ལ་རྐང་འཛུགས་པ། ཚན་རྩལ་གསར་གཏོད་དང་བཅོས་སྒྱུར་ཟབ་སྤེལ་བྱེད་པར་བརྟེན་ནས་དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།
ཞིན་ཁྲང་ཞིང་གིས་ནུབ་རྒྱུད་གཏེར་ལས་མཚོ་སྔོན་ཟངས་ལས་ཚད་ཡོད་ཀུང་ཟིའི་ཏུན་འབུམ་གཅིག་གི་ཟངས་ཐོན་སྐྱེད་ལས་གཞི་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ནས། ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཀྱི་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་རྗེས། ཞིན་ཁྲང་ཞིང་གིས་ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཀྱི་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་དང་ད་ལོའི་དུས་ཚིགས་དང་པོར་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་བཏོན་པའི་འཛམ་གླིང་རང་བཞིན་གྱི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆ་འཛུགས་སྐྲུན་བྱེད་པའི་བླང་བྱ་གལ་ཆེན་ལ་དམིགས་ནས་འཕེལ་རྒྱས་ཀྱི་གནས་ཐིག་གཏན་ཁེལ་གསལ་བོ་བྱས་ཏེ། ཧུར་ཐག་གིས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་དགོས། ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། རྒྱུན་མཐུད་ངང་སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་དང་མཐོར་འདེགས་གཏོང་བ་དང་དགེ་མཚན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། གསར་དར་ཐོན་ལས་སྐྱེད་སྲིང་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་དཔལ་འབྱོར་མ་ལག་འཛུགས་དགོས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། ཁག་ཁུར་བྱེད་ཕོད་པ་དང་རང་འགུལ་གྱིས་འབད་འཐབ་བྱེད་པ། ད་ཡོད་ཐོན་ལས་ཀྱི་རྨང་གཞི་ལ་རྒྱབ་བརྟེན་ནས། ཐོན་ཁུངས་ཕྱོགས་བསྡུས་འཁོར་རྒྱུག་བེད་སྤྱོད་མངོན་འགྱུར་བྱེད་དགོས། ཚན་རྩལ་གསར་གཏོད་རྒྱུན་འཁྱོངས་བྱེད་པ་དང་། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་དང་མཉམ་འབྲེལ་ལག་རྩལ་གྱི་འགག་སྒྲོལ། ལས་གཞི་གཙོ་བོའི་འགག་སྒྲོལ་སོགས་ལམ་ལུགས་བརྒྱུད་དེ་ལག་རྩལ་ཐད་ཀྱི་བཀག་སྡོམ་ཐོད་བརྒལ་བྱེད་དགོས། ཚད་མཐའ་བརྟན་སྲུང་བྱེད་པ་དང་། ཉེན་ཁའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། ཉེན་ཁ་ཐག་གཅོད་པ། བདེ་འཇགས་ཐོན་སྐྱེད་ལ་ཤུགས་བསྣན་ནས། བདེ་འཇགས་འགོག་མཚམས་བརྟན་སྲུང་བྱེད་དགོས། བཅོས་སྒྱུར་རྒྱུན་མཐུད་ངང་ཟབ་སྤེལ་བྱེད་པ་དང་། དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།
ཁྲིན་རུའེ་ཧྥིན་དང་ཝང་ལིས་མེན་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།
རིན་ཆེན་མཚོས་བསྒྱུར།