ཟླ4པའི་ཚེས8ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས། ཚོགས་ཐོག་ནས《མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ལྔ་བཅུ་ལོའི་བར་གྱི་དུས་རབས་གསར་པའི་དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བའི་འཆར་འགོད》དང་།《མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་དང་འགན་འཁྲི་ཁག་ཁུར་བྱེད་ཐབས》 《མཚོ་སྔོན་ཞིང་ཆེན་གྱི་ཁྲོམ་འགྲེམ་ཀུང་སིའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། སྲིད་འཛིན་ཞིབ་མཆན་དོན་ཚན་ཁག་ཅིག་མེད་པར་བཟོ་བ་དང་ལེགས་སྒྲིག་བྱེད་པ་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱས་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཀྱི་ལག་བསྟར་སྲོལ་ཡིག(འཆར་ཟིན)》དང་། 《མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྲོལ་ཡིག་ལག་བསྟར(འཆར་ཟིན)》བཅས་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་།
ཚོགས་འདུའི་ཐོག་བསྟན་དོན། ལྕགས་ལམ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་ནི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་ཟུང་གིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་བསྟར་གྱི་ལྡོག་ཏུ་མེད་པའི་བླང་བྱ་ཞིག་ཡིན་པས། ལྕགས་ལམ་དྲ་བའི་འཆར་འགོད་འཛུགས་སྐྲུན་ལ་ཤུགས་སྣོན་པར་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལྕགས་ལམ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བ་དང་ཕྱོགས་བསྡུས་འགྲིམ་འགྲུལ་འཆར་འགོད་ནན་ཏན་ངང་བཟོ་བ་དང་། དབུས་ནུབ་རྒྱུད་ཀྱི་ལྕགས་ལམ་འཕེལ་ཚད་ཇེ་མགྱོགས་སུ་གཏོང་བའི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ། དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་སྐྲུན་པ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱེད་པ་དང་། མཐུན་སྦྱོར་ལ་ཤུགས་སྣོན་དང་སྐུལ་སྤེལ་ཧུར་ཐག་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་ལེགས་བསྡུས། ལྕགས་ལམ་འཛུགས་སྐྲུན་བཅས་ཀྱི་འབྲེལ་བར་སྤྱི་འདོམས་ཡག་པོ་བྱས་ཏེ་འགྲིམ་འགྲུལ་ཐབས་ལམ་གཞན་དག་དང་འབྲེལ་མཐུད་ཡག་པོ་ཡོང་བར་བྱེད་པ་དང་། ཞིང་ཆེན་ས་ཁོངས་ཕྱིའི་ལྕགས་ལམ་གྱི་བགྲོད་ལམ་ཡངས་པོ་ཁྱོན་ཡོངས་ནས་གྲུབ་པར་བྱེད་པ་དང་ཁྱབ་རྒྱ་ཆེ་བའི་ཞིང་ཆེན་ནང་ཁུལ་གྱི་ལྕགས་ལམ་དྲ་བ་བཟོ་བ། རིམ་པ་ཁ་གསལ་དང་ནུས་པ་འཐུས་སྒོ་ཚང་བའི་ཕྱོགས་བསྡུས་ལྕགས་ལམ་གྱི་ལྟེ་བ་འཛུགས་པ། ཞིང་ཆེན་ནང་ཁུལ་གྱི་ལྕགས་ལམ་སྐྱེལ་འདྲེན་ཞབས་ཞུའི་འགན་ལེན་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས།
ཚོགས་འདུའི་ཐོག་ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོ་འགན་བཅོལ་ཐེབས་རྩའི་ཀྲུང་དབྱང་སྙོམས་སྒྲིག་ལམ་ལུགས་འཛུགས་རྒྱུ་ནི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་སུ་སྤྱི་འདོམས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ཐེབས་རྩའི་གཏོང་ཡོང་གཅིག་གྱུར་དང་དོ་དམ་གྱི་རིམ་པ་བགོས་ནས་འགན་འཁུར་བ། ཆད་སྐྱོན་བྱུང་ཚེ་ལུགས་མཐུན་སྒོས་ཁག་འཁུར་ལེན་པ་བཅས་ཀྱི་རྩ་དོན་ལྟར། གཏན་འབེབས་དོན་འཁྱོལ་ནན་མོ་བྱེད་པ་དང་འགན་འཁྲི་ནན་མོར་སྒྲུབ་པ། འགན་ལེན་བྱ་དགོས་པར་འགན་ལེན་དང་བསྡུ་དགོས་པ་བསྡུས་ནས་ཁེ་ལས་ཀྱི་ལས་གནས་ནས་བུད་པ་དང་ལས་ཁྱུར་ངལ་གསོའི་མི་སྣའི་མ་མཐའི་རྒན་གསོའི་འཚོ་དངུལ་དུས་ཐོག་ཏུ་འདང་ངེས་ཤིག་སྤྲོད་པར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་བསྟན།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཁྲོམ་རའི་རང་བཞིན་དང་ཁྲིམས་སྐྱོང་རང་བཞིན། རྒྱལ་སྤྱིའི་རང་བཞིན་བཅས་ཀྱི་ཁ་ཕྱོགས་ལ་གཡོ་འགུལ་མི་གཏོང་བ་དང་མ་རྩའི་ཁྲོམ་རའི་རྨང་གཞིའི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་པ། ཁྲོམ་འགྲེམ་ཀུང་སིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་དང་སྒྲིག་སྲོལ་མ་ལག་འཐུས་ཚང་དུ་གཏོང་བ། སྲིད་ཇུས་ཀྱི་ཁོར་ཡུག་དང་སྐྱེ་ཁམས་མ་ལག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ། དངུལ་རྩའི་ཉེན་ཁ་སྔོན་འགོག་དང་ཉེན་ཁ་སེལ་བ། ཁྲོམ་འགྲེམ་ཀུང་སི་སྟོབས་ལྡན་དུ་འགྲོ་བར་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ་དངུལ་རྩའི་ལས་རིགས་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།
ཚོགས་འདུའི་ཐོག་ཀྲུང་དབྱང་གི་བཀོད་སྒྲིག་ལག་ལེན་མཐའ་འཁྱོངས་བྱས་ཏེ་མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྡེ་ཚན་གྱི་དབང་ཆ་སྔར་ལས་ཇེ་ཆུང་དུ་གཏོང་བ་དང་ཞིབ་བཤེར་མཆན་འགོད་བརྒྱུད་རིམ་སླར་ཡང་ཇེ་ལེགས་སུ་གཏོང་བ། བྱ་བའི་སྔ་གཞུག་གི་ལྟ་སྐུལ་དོ་དམ་ཞབས་ཞུ་སྔར་ལས་ཇེ་ལེགས་སུ་གཏོང་བ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་ཤུགས་སྣོན་པ་བཅས་བྱས་ཏེ་སྲིད་འཛིན་ཞིབ་བཤེར་མཆན་འགོད་དོན་ཚན་ལ་འགན་ལེན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་ཐོག《མཚོ་སྔོན་ཞིང་ཆེན་གྱི་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཀྱི་སྲོལ་ཡིག་ལག་བསྟར(འཆར་ཟིན)》དང《མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་སྲོལ་ཡིག་ལག་བསྟར(འཆར་ཟིན)》ལ་གྲོས་འཆམ་བྱུང་བ་དང་། སྲོལ་ཡིག་འཆར་ཟིན་ལག་བསྟར་བྱས་པ་དེས་ཁྲིམས་སྐྱོང་གི་ངོས་ནས་རྩ་འཛུགས་མ་ལག་གི་སྒྲོམ་གཞི་དང་། རིམ་པ་སོ་སོའི་ཆུ་དཔོན་མཚོ་དཔོན་གྱི་འགན་འཁྲི་དང་བྱ་བའི་བླང་བྱ་ཁ་གསལ་བཟོས་ཡོད། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྲོལ་ཡིག་འཆར་ཟིན་དེས་རྩ་འཛུགས་ཀྱི་འགོ་ཁྲིད་དང་ཚོང་རར་འགྲེམ་པ། མ་དངུལ་འགུག་པ། རྣམ་གྲངས་ལ་ཞིབ་མཆན་འགོད་པ། སྲིད་འཛིན་ཁྲིམས་བསྟར་སོགས་ཀྱི་ཐད་ནས་ཚོང་གཉེར་ཁོར་ཡུག་ཁྱོན་ཡོངས་ནས་ཚད་ལྡན་དུ་བཏང་ཡོད། ཚོགས་འདུའི་ཐོག་འཆར་ཟིན་དེ་གཉིས་ལ་སླར་ཡང་བཟོ་བཅོས་བརྒྱབ་རྗེས་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།
ཚོགས་འདུའི་ཐོག་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།
མི་ཕམ་མགོན་པོས་བསྒྱུར།