ཝུའུ་ཞའོ་ཅུན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པའི་སྤྱིའི་བླང་བྱ་ལྟར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གྲུབ་འབྲས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས་པར་བསྟན།
2021.04.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ4པའི་ཚེས12ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་རྟོག་ཞིབ་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་བསྟར་མཐའ་འཁྱོལ་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ལོ་རྒྱུས་སྦྱངས་ནས་གནས་ལུགས་རྟོག་པར་བྱེད་པ་དང་། ལོ་རྒྱུས་སྦྱངས་ནས་ཡིད་རྟོན་འཕར་བར་བྱེད་པ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་ལ་བཀུར་བ། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཞིབ་དཔྱད་བྱེད་དགོས་ཟེར།

ཝུའུ་ཞའོ་ཅུན་སྔ་གཞུག་ཏུ་རྨ་ཆུའི་ཆུ་གློག་ཟི་ལིང་ཉི་ནུས་གློག་ཤུགས་ཚད་ཡོད་ཀུང་སི་དང་ཨེ་ཤེ་ཡའི་ཀུའེ་ལས་རིགས་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་བསྐྱོད་དེ་ཐོན་སྐྱེད་བརྒྱུད་རིམ་དང་བཟོ་རྩལ་གསར་གཏོད།ཐོན་རྫས་ཕྱིར་འཚོང་། ཁེ་ལས་ཀྱི་ཏང་འཛུགས་སྐྱོང་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་འོད་ཤུགས་ཐོན་ལས་ཀྱི་ཁྲོམ་རར་སྦས་ཤུགས་ཧ་ཅང་ཆེན་པོ་ཡོད་པས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པའི་ཁྲོད་འདྲེས་པར་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ། མཚོ་སྔོན་གྱི་ལེགས་ཆ་དང་ཐོན་ཁུངས་ཟུང་འབྲེལ་གྱིས་གསར་གཏོད་ཀྱི་ལམ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་ལག་བསྟར་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱིས་ཐཱན་ཉུང་གཏོང་དང་ཐཱན་སྙོམ་སྦྱོར་གྱི་དམིགས་ཚད་ལ་སྔར་ལས་ལྷག་པའི་སྒོ་ནས་ཞབས་འདེགས་ཞུ་བར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་ལེགས་སྐྱེས་འབུལ་དགོས་ལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཁེ་ལས་འཕེལ་རྒྱས་གཏོང་བ་གཉིས་ཟུང་འབྲེལ་བྱས་ནས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་པ་དང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བའི་ཐད་མངོན་པར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཚད་བརྒལ་གསར་བ་ཡོང་བར་ཧུར་ཐག་བྱེད་དགོས་ཞེས་ནན་གྱིས་བསྟན།

ནུབ་ལམ་དམག་གི་དྲན་གསོ་ཁང་དུ་ཝུའུ་ཞའོ་ཅུན་གྱིས་ནུབ་ལམ་དམག་དཔུང་གིས་དཔའ་ངར་ཆེན་པོས་འབད་འཐབ་བྱས་པ་དང་མདོ་ལ་རི་བོ་ནས་སྲོག་གི་དམར་འཛིང་བྱས་པའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ལ་གཟབ་ནན་སྒོས་ཉན། ཁོས་ནན་གྱིས་བསྟན་དོན། མཚོ་སྔོན་ལ་དམིགས་བསལ་དུ་ཡོད་པའི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་གསར་བརྗེའི་གཏམ་རྒྱུད་ཡག་པོར་བརྗོད་པ། མཚོ་སྔོན་གསར་པའི་སྙིང་སྟོབས་ཀྱི་གཏམ་རྒྱུད་ཡག་པོར་བརྗོད་པ།གསར་བརྗེའི་ཐོན་ཁུངས་ཀྱི་བསམ་བློའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱེད་པ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱེད་པ། གུང་ཁྲན་ཏང་མིའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སློབ་གསོ་གཏོང་བ་དང་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུ། མདུན་སྐྱོད་ཀྱི་བགྲོད་ལམ་གསར་པར་སྐྱོད་པ་དང་དུས་རབས་གསར་པའི་སྙིང་སྟོབས་འཕེལ་བར་བྱེད་དགོས་ཟེར།

ཝུན་ཁྲིན་ལམ་སྡེ་ཁུལ་དུ་ཝུའུ་ཞའོ་ཅུན་གྱིས་སྡེ་ཁུལ་ཞབས་ཞུ་དང་གཞི་རིམ་ཏང་འཛུགས་སྐྱོང་བྱ་བར་རྒྱུས་ལོན་བྱས། ཁོས་སྡེ་ཁུལ་ཏང་རྩ་འཛུགས་ནི་མང་ཚོགས་དང་ཐག་ཉེ་ཤོས་ཀྱི་ཏང་རྩ་འཛུགས་ཤིག་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་མཇུག་མཐའི་འགག་གནད་ཅིག་རེད། ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་ཞེས་པའི་ལག་ལེན་བྱེད་སྒོ་ཏན་ཏིག་གིས་སྤེལ་ནས་སློབ་གསོ་དང་སྨན་བཅོས། རྒན་གསོ་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དཀའ་ངལ་དང་རེ་འདུན་ཐག་གཅོད་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་པར་བྱེད་དགོས་ཞེས་ནན་གྱིས་བཤད།

མི་ཕམ་མགོན་པོས་བསྒྱུར།