ཞིན་ཁྲང་ཞིང་གིས་རྨ་ལྷོ་ཁུལ་དུ་རྟོག་ཞིབ་བྱས།
2021.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ4པའི་ཚེས14ནས་ཚེས15ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་ནམ་ཡང་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སེམས་ལ་བཟུང་ནས་ངས་མང་ཚོགས་ལ་དོན་དངོས་སྒྲུབ་ཅེས་པའི་ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་བཏང་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་གྲུབ་འབྲས་སྲ་བརྟན་དང་མཐོ་འདེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།

རྩེ་ཁོག་རྫོང་དུ་ཡོད་པའི་དམེ་ཤུལ་ནགས་ར་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གནས་གཙོ་བོ་དང་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་ཡིན་ལ། རྨ་ཆུའི་རིམ་པ་དང་པོའི་ཆུ་ལག་རོང་བོ་དགུ་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོའི་ནགས་ཚལ་ཁུལ་ཡང་ཡིན། ཞིན་ཁྲང་ཞིང་གིས་ནགས་ར་སྲུང་སྐྱོབ་འཛུགས་སྐྲུན་དང་སྐོར་ཞིབ་བྱ་བའི་སྐོར་ལ་རྒྱུས་ལོན་ཞིབ་ཕྲ་བྱས་རྗེས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་གནས་བབ་གལ་ཆེན་ཡིན་པས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ་རྨ་ཆུའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་། ནགས་དཔོན་ལམ་ལུགས་དང་ཆུ་དཔོན་ལམ་ལུགས་ལག་བསྟར་བཅས་ལ་སྐུལ་འདེད་བཏང་སྟེ་དོ་དམ་སྒྲིག་སྲོལ་མཐུན་སྦྱོར་དང་ཕྱོགས་ཁག་གི་སྟོབས་ཤུགས་བསྡུ་སྒྲིག་བྱས་ནས་ནགས་ཚལ་གྱི་མེ་འགོག་དང་ནད་འབུ་འགོག་པར་ཤུགས་བསྣན་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་བ་ཡག་པོ་སྒྲུབ་སྟེ། སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྐྱེ་ཁམས་བདེ་འཇགས་ལྕགས་རི་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཟེར།

བདེ་ཐང་དང་སློབ་གསོའི་བྱ་བ་ནི་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཁྱོན་ཡོངས་ནས་ལེགས་བཅོས་བྱེད་པར་ཧ་ཙང་གལ་འགངས་ཆེ་བས། རྩེ་ཁོག་རྫོང་མི་དམངས་སྨན་ཁང་དུ་ཞིན་ཁྲང་ཞིང་གིས་སྨན་བཅོས་སྒྱུར་བཅོས་དང་ས་གནས་ཀྱི་ནད་རིགས་འགོག་བཅོས། རིམས་འགོག་སྨན་ཁབ་རྒྱག་པ་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས་ནས་བདེ་ཐང་མཚོ་སྔོན་གྱི་བྱ་སྤྱོད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་ལ་ཁ་གཏད་པའི་རོགས་སྐྱོར་ནུས་ཤུགས་འདོན་སྤེལ་གང་ལེགས་བྱེད་པ། ཤེས་ལྡན་མི་སྣའི་ཚོགས་པ་གསོ་སྐྱོང་བཅས་བྱས་ནས་འཕྲོད་བསྟེན་བདེ་ཐང་གི་ཞབས་ཞུའི་ནུས་པ་མུ་མཐུད་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན། ཧི་ནན་རྫོང་མི་རིགས་སློབ་འབྲིང་དུ་ཞིན་ཁྲང་ཞིང་སློབ་ཁང་དུ་ཕྱིན་ནས་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གྱི་གནས་ཚུལ་འདྲི་རྩད་བྱས། མིའི་ཀུན་སྤྱོད་གསོ་སྐྱོང་བྱེད་པ་རྩ་བའི་ལས་འགན་ལ་བརྩི་བ་དང་སྐད་གཉིས་སློབ་གསོ་དམ་འཛིན་ཡག་པོ་བྱེད་པ། རྒྱལ་ཁབ་ཀྱི་གཅིག་གྱུར་བསླབ་གཞི་བཀོལ་རྒྱུ་དང་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོར་གསར་གཏོད་གཏོང་བ། སློབ་མའི་ཀུན་སྤྱོད་གཙོས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་བསྣན་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་ཞེས་ནན་གྱིས་བསྟན།

ཐུན་རིན་གྲོང་ཁྱེར་དུ། ཞིན་ཁྲང་ཞིང་སྔ་གཞུག་ཏུ་རོང་བོ་གྲོང་རྡལ་གྱི་གྲོང་ཁུལ་རྙིང་པ་དང་གཉན་ཐོག་ཡུལ་ཚོའི་སྒོ་དམར་སྡེ་བ། ཐང་གའི་སྒྱུ་རྩལ་གྲོང་བཅས་སུ་ཕེབས་ནས་ལོ་རྒྱུས་རིག་གནས་ཀྱི་གནའ་མཁར་གྲགས་ཅན་དང་ལོ་རྒྱུས་རིག་གནས་ཀྱི་སྡེ་བ་གྲགས་ཅན་གྱི་སྲུང་སྐྱོབ་དང་འཛུགས་སྐྲུན། རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་འགྲོ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་དང་བརྩེ་བས་གླེང་མོལ་བྱས། ཁོས་ལོ་རྒྱུས་དང་རིག་གནས་ཀྱི་གནའ་མཁར་གྲགས་ཅན་ལ་སྲུང་སྐྱོབ་ཨང་དང་པོ་དང་རྒྱུན་འཛིན་གཙོ་བོར་འཛིན་དགོས་ཤིང་། ལོ་རྒྱུས་རང་བཞིན་གྱི་གསོག་འཇོག་དང་ཟབ་ཚད། རིག་གནས་ཀྱི་ནང་དོན་དང་ངོ་མཚར་བའི་ཁྱད་ཆོས་ལ་དོ་སྣང་བྱས་ནས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་གསོན་ཤུགས་བསྣན་ནས། མི་རྣམས་ཀྱིས་འདི་གར་སྔོ་ལྗང་གི་རི་ཆུ་དང་ལོ་རྒྱུས་ཀྱི་དྲན་པ། རིག་གནས་ཀྱི་ཁྱད་ཆོས། བབ་ཆགས་པའི་དམངས་སྲོལ་བཅས་ཉམས་སུ་མྱོང་ཐུབ་པར་བྱེད་དགོས། མི་རིགས་ཀྱི་རིག་གནས་སྒྱུ་རྩལ་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་རྒྱུན་འཛིན་གང་ལེགས་བྱས་ནས།ལག་རྩལ་རྒྱུན་འཛིན་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དེ་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བ་དང་ཟུང་འབྲེལ་བྱས་ནས་ན་གཞོན་མང་པོ་སྔར་ལས་གཏན་འཇགས་དང་སྤུས་ཚད་མཐོ་བའི་ངང་ལས་ཞུགས་བྱེད་དུ་བཅུག་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་ལས་འཕེལ་བར་བྱེད་དགོས་ཞེས་བཤད།

མི་ཕམ་མགོན་པོས་བསྒྱུར།