ཟླ4པའི་ཚེས16ཉིན་ལ། ཞིང་ཆེན་སྲིད་གྲོས་ཀྱིས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་ཀྱི་ལོ་རྒྱུས་ཞེས་པ་ནང་དོན་གཙོ་བོ་ཡིན་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་སློབ་སྦྱོང་དང་བགྲོ་གླེང་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་མགོ་འཛིན་གནང་བ་དང་གཏམ་བཤད།
ཚོགས་འདུའི་ཐོག་རྡོ་རྗེ་རབ་བརྟན་གྱིས་ཀྲུང་གོའི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ཐོབ་པའི་རྒྱུ་རྐྱེན་དང་གཞི་རྩའི་ཉམས་མྱོང་།རླབས་ཆེན་གྱི་དོན་སྙིང་བཅས་ལ་དམིགས་ནས་སློབ་སྦྱོང་ལ་སྣེ་ཁྲིད་དང་གཏམ་བཤད་གནང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་དང་ཀྲང་ཝུན་ཁུའེ། ཐིན་རིམ་པའི་འགོ་ཁྲིད་ལས་བྱེད་པ4བཅས་ཀྱིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་ཞིང་སྡེས་གྲོང་ཁྱེར་གྱི་མཐའ་བསྐོར་བ་དང་དྲག་ཆས་ལ་བརྟེན་ནས་སྲིད་དབང་ལེན་པ། འཐབ་ཕྱོགས་གཅིག་གྱུར་དང་ཏང་ལེགས་སྐྱོང་སོགས་ཀྱི་ནང་དོན་ལ་དམིགས་ནས་གཏམ་བཤད་གནང་།
རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་ཞིང་ཆེན་སྲིད་གྲོས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་རང་འགུལ་ངང་འགན་འཁྲི་ནན་ཏན་གྱིས་བསྒྲུབས་པ་དང་བྱ་བ་ཁག་ཏན་ཏིག་ངང་སྤེལ་བ། ཐོག་མའི་གྲུབ་འབྲས་ཐོབ་པ་བཅས་བྱས། ལས་ཁུངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་གིས་གསར་གཏོད་ཧུར་ཐག་དང་རྒྱ་ཁྱབ་ཏུ་ཟབ་ཞུགས་བྱས་པར་བརྟེན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གསོན་ཉམས་ལྡན་ཞིང་བཀྲག་མདངས་འཚེར་བར་བྱས་ཏེ། ཏང་གི་ལོ་རྒྱུས་སྦྱོང་བ་དང་དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པའི་ཁོར་ཡུག་ལེགས་པོ་བསྐྲུན།
རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རིམ་པ་རྗེས་མའི་བྱ་བ་དམ་འཛིན་བྱེད་པའི་ཐད་ལ་བླང་བྱ་གསལ་བོ་བཏོན། ཁོང་གིས་བསྟན་དོན། གཅིག་ནས་ལངས་གནས་མཐོ་རུ་གཏོང་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་མཐོ་རུ་གཏོང་བ་དང་ཆབ་སྲིད་ཀྱི་རང་རྟོགས་ལ་ཤུགས་སྣོན་པ། ཚད་གཞི་དང་སྤུས་ཚད་མཐོ་བའི་དོན་འཁྱོལ་བྱ་བ་དམ་འཛིན་ཡག་པོ་བྱེད་པ། འགོ་ཁྲིད་ལས་བྱེད་པས་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། སྣེ་ཁྲིད་ནས་སློབ་སྦྱོང་དང་སྣེ་ཁྲིད་ནས་བགྲོ་གླེང་། སྣེ་ཁྲིད་ནས་བརྟག་ཞིབ་བཅས་བྱས་ནས་ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་ཞེས་པའི་ལག་ལེན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་དགོས། གཉིས་ནས་གཙོ་གནད་སློབ་སྦྱོང་དམ་འཛིན་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ངེས་སྦྱོང་དཔེ་དེབ་བཞི་གཙོ་གནད་བསླབ་དེབ་དུ་བཟུང་ནས་མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ།རྩ་བའི་རིགས་པ་རྟོགས་པ་བཅས་རྒྱུན་འཁྱོངས་དང་སློབ་སྦྱོང་བྱེད་ཐབས་གསར་གཏོད། སློབ་སྦྱོང་གི་གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སེམས་ལ་དངོས་སུ་འཇགས་པར་སྐུལ་འདེད་གཏོང་དགོས། གསུམ་ནས་བྱ་བའི་སློབ་སྦྱོང་ལ་སྐུལ་འདེད་གཏོང་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་བརྒྱུད་ནས་རང་ཉིད་ཀྱི་བྱ་བའི་མ་ལག་རང་བཞིན་དང་། སྔོན་དཔག་རང་བཞིན། གསར་གཏོད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་འགན་འཁྲི་སྐྱོང་བའི་ལག་ལེན་གཉིས་མཉམ་འདྲེས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དམངས་ཀྱི་འཚོ་བ་ལེགས་བཅོས་གཏོང་བ། སྤྱི་ཚོགས་འཆམ་མཐུན་དང་གཏན་འཇགས་ཡོང་བར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་དང་གྲོས་མོལ་སྲིད་གླེང་ཏན་ཏིག་བྱ་དགོས།སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ཞུགས་པར་གདན་འདྲེན་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་བརྟེན་ནས་དགོངས་དོན་རྟོགས་པར་བྱེད་པ་དང་། དགོངས་དོན་རྟོགས་པར་བྱེད་པ་ལ་བརྟེན་ནས་བྱ་བ་དངོས་སྒྲུབ་པར་སྐུལ་འདེད་གཏོང་བ། བྱ་བ་དངོས་སྒྲུབ་པར་བརྟེན་ནས་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་ཆེད་སྲིད་གྲོས་ཀྱིས་རང་གི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
རིན་ཆེན་རྣམ་རྒྱལ་དང་མ་ཧའེ་དབྱིན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། ལིའུ་ཏ་ཡེ་་བཅས་བགྲོ་གླེང་ཚོགས་འདུར་ཞུགས།
མི་ཕམ་མགོན་པོས་བསྒྱུར།