ཟླ་བཞི་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་། ཞིང་ཆེན་དཔལ་འབྱོར་བཀོད་གཏོང་ཞབས་ཞུ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ནས་དུས་ཚིགས་དང་པོའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བཀོད་གཏོང་ཞབས་ཞུ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས། ཁོས་ནན་གྱིས་བསྟན་དོན། མིག་སྔའི་དཔལ་འབྱོར་གནས་བབ་ལ་ཁྱོན་ཡོངས་ནས་རྩོད་སྒྲུབ་བརྡར་གཅོད་བྱེད་པ་དང་། དུས་ཚིགས་གཉིས་པའི་གནད་འགག་དུས་སྐབས་དམ་འཛིན་བྱེད་པ། གླང་གསུམ་སྙིང་སྟོབས་ལག་བསྟར་བྱེད་པ། དཔལ་འབྱོར་བཀོད་གཏོང་ཞབས་ཞུ་ལ་ཤུགས་སྣོན་པ། བྱ་བ་གཙོ་བོ་སྣ་ཚོགས་དམ་འཛིན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལོ་སྟོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་ཚོད་ལས་འགན་ཕྱེད་ཀ་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ་དང་། གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།
ཞིན་ཁྲང་ཞིང་གིས་བསྟན་དོན། ད་ལོར། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱས་ལ། རིམས་ནད་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་། བྱ་བ་སྣ་ཚོགས་དམ་འཛིན་བྱས་ལ། ཐོན་ལས་གཏན་འཇགས་སླར་གསོ་བྱས་པ་དང་། ཕན་ཡོད་དགོས་མཁོ་མངོན་གསལ་སྒོས་ཇེ་ལེགས་སུ་བཏང་ལ། འཕེལ་རྒྱས་སྒུལ་ནུས་མྱུར་དུ་བསྒྱུར་བ་དང་། ཚོང་རའི་གསོན་ཤུགས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་བ་མ་ཟད། སྤུས་ཚད་ཕན་འབྲས་རིམ་པ་བཞིན་མཐོར་འདེགས་བཏང་བ་དང་། དུས་ཚིགས་དང་པོར་གྲུབ་འབྲས་བཟང་བོ་བླངས་ཏེ། ལོ་ཧྲིལ་བོའི་དཔལ་འབྱོར་གཏན་འཇགས་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་རྨང་གཞི་བརྟན་པོ་བཏིངས་ཟེར།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། མིག་སྔའི་དཔལ་འབྱོར་གནས་བབ་ལ་ལྟ་སྟངས་བཟང་པོ་འཛིན་པ་སྟེ། དཔལ་འབྱོར་བརྟན་བརླིང་ངང་སླར་གསོ་བྱེད་པ་དང་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ཡིད་ཆེས་སྲུང་འཛིན་བྱེད་པ་མ་ཟད། ཉེན་ཁ་དང་འགྲན་རྩོད་ལ་དོགས་ཟོན་བྱེད་དགོས་ལ། ཞན་ཆ་དང་བར་ཐག་ལ་དོ་སྣང་བྱས་ནས། བྱ་བ་གཙོ་བོ་སྣ་ཚོགས་དམ་འཛིན་བྱེད་དགོས། བཟོ་ལས་འཁོར་རྒྱུག་གཏན་འཇགས་སུ་གཏོང་བ་དང་། ལྟ་ཞིབ་དབྱེ་ཞིབ་ལ་ཤུགས་སྣོན་པ། རྒྱུ་རྐྱེན་འགན་སྲུང་ཞབས་ཞུ་བཟང་བོར་བསྒྲུབ་པ། དངུལ་སྲིད་ཁེ་གསུམ་སྦྲེལ་མཐུད་བཟང་བོ་བྱེད་པ། ཐོན་ལས་སྦྲེལ་མཐུད་ཀྱི་སྟོད་སྨད་རྒྱུད་ཀྱི་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་ཐོན་སྐྱེད་གཏན་འཇགས་སུ་གཏོང་བ་དང་ཚོང་ར་རྒྱ་བསྐྱེད་པ། ཉོ་ཚོང་ལ་སྐུལ་འདེད་གཏོང་བར་རོགས་བྱེད་པ། སྲོལ་རྒྱུན་ཁེ་ལས་ཚུལ་བསྒྱུར་རིམ་སྤོར་བྱས་ཏེ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། ལས་གཞིའི་དངུལ་གཏོང་དམ་འཛིན་བྱེད་པ་དང་། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་ལས་གཞི་ཆེན་པོ་འགན་ལེན་འབྲེལ་འདྲིས་བྱེད་པའི་བྱ་བའི་རྐྱེན་སྲོལ་འདོན་སྤེལ་གང་ལེགས་བྱེད་པ། ལས་གཞི་གཙོ་བོ་ལག་བསྟར་བྱེད་པ། ཚོང་འགུག་དངུལ་འདྲེན་བྱ་བར་ཇུས་འགོད་བཟང་བོ་བྱས་ནས། ལས་གཞི་གལ་ཆེན་སྐོར་ཞིག་སྐྱེད་སྲིང་བྱེད་དགོས། འཛད་སྤྱོད་སྦས་ཤུགས་སྔོག་འདོན་བྱེད་པ་དང་། རྣམ་པ་མང་བའི་འཛད་སྤྱོད་སྐུལ་འདེད་བྱ་འགུལ་སྤེལ་བ། རིག་གནས་གནས་སྐོར་ཐོན་ལས་རྒྱུན་མཐུད་ངང་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ། དུས་ཆེན་སྐབས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ། འཛད་སྤྱོད་ཀྱི་ཡིད་ཆེས་ཇེ་ཆེར་གཏོང་དགོས། ཐཱན་ཉུང་གཏོང་བྱ་བ་བཟང་བོར་སྤེལ་བ་དང་། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་སར་དམིགས་ནས། ནུས་གསོག་ལས་གཞི་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ། དག་གཙང་ཐཱན་ཉུང་བདེ་འཇགས་ཕན་འབྲས་ཀྱི་ནུས་ཁུངས་མ་ལག་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་ཏེ། སྐྱེ་ཁམས་དཔལ་འབྱོར་རྒྱ་སྐྱེད་འཕེལ་རྒྱས་སུ་གཏོང་དགོས། ལས་ཞུགས་འགན་སྲུང་དང་ཚོང་རའི་གཙོ་གཞིའི་འགན་འཁྲི་འགན་སྲུང་བྱེད་པ་དང་། ལས་ཞུགས་གཙོར་འཛིན་པའི་སྲིད་ཇུས་ཇེ་དྲག་ཏུ་གཏོང་བ། གྲུབ་ཚུལ་རང་བཞིན་གྱི་ཁྲལ་འཕྲི་བྱེད་ཐབས་གསར་བའི་ཐད་ནས་ཕན་འབྲས་གསར་བ་ལེན་པར་ཁག་ཐེག་བྱེད་པ། དངུལ་རྩ་ལས་ཁུངས་ཀྱིས་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བར་སྣེ་ཁྲིད་བྱེད་པ། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ནས། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་དགོས་ཟེར།
ཞིན་ཁྲང་ཞིང་གིས་ཞིང་ཆེན་དཔལ་འབྱོར་བཀོད་གཏོང་ཞབས་ཞུ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཆེད་དོན་ཚན་ཆུང་སོ་སོ་དང་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་དུས་ཚོད་ཀྱི་འདུ་ཤེས་དང་ལས་ཆོད་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། རིམ་པ་བཞིན་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། མཉམ་འབྲེལ་གཞོགས་འདེགས་ཇེ་དྲག་ཏུ་གཏོང་བ། ལྟ་ཞིབ་ལག་བསྟར་དམ་འཛིན་བྱེད་པ། དཔལ་འབྱོར་བཀོད་གཏོང་ཞབས་ཞུ་བྱ་བར་ཤུགས་བསྣན་ནས། ལས་འགན་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།
ཚོགས་ཐོག་ཏུ། ལིས་ཅེ་ཞང་དང་ཝང་ལིས་མེན། ཁོང་ཡུང་། དབྱང་ཧྥིན་ཁྲུན། ལིའུ་ཐོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ཚེ་རིང་ཐར། ལིས་ཧུང་ཡ་བཅས་ཀྱིས་བཀོད་སྒྲིག་ཞིབ་མོ་བྱས་པ་དང་། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཞིང་ཆེན་དཔལ་འབྱོར་བཀོད་གཏོང་ཞབས་ཞུ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཆེད་དོན་ཚན་ཆུང་སོ་སོའི་སྣེ་ཁྲིད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་ཀྱིས་གཏམ་བཤད།
རིན་ཆེན་མཚོས་བསྒྱུར།