ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་རེ་གཉིས་པ་བསྡུས།
2021.04.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་བཞི་པའི་ཚེས་བཅུ་དགུ་ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་རེ་གཉིས་པ་བསྡུས་ནས། ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་གཙོ་བོ་དང་འགོ་ཁྲིད་ཚན་ཁག་གི་ལྟ་སྐུལ་ལ་ཤུགས་སྣོན་པའི་སྐོར་གྱི་གྲོས་གཞི་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྲ་གཟུགས་གད་སྙིགས་ཀྱིས་ཁོར་ཡུག་བཙོག་བཟོ་བྱེད་པར་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ཞིབ་བཤེར་ཚན་ཆུང་། རྨ་ཆུ་སྲུང་སྐྱོབ་ཁྲིམས་འཛུགས་བྱ་བའི་རྟོག་ཞིབ་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་དང་། ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཉིའོ་ཁྲིན་ཡུན་དང་ཝུའུ་ཧའེ་ཁུན། ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཚོགས་ཐོག་ནས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་ན། སྤྱི་ཡོངས་ཀྱི་མཐོ་ཚད་ནས་འགོ་ཁྲིད་གཙོ་བོ་དང་འགོ་ཁྲིད་ཚན་ཁག་གི་ལྟ་སྐུལ་ལ་ཤུགས་སྣོན་པའི་གལ་ཆེན་རང་བཞིན་དང་བྲེལ་མྱུར་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་མོ་བྱེད་པ་དང་། ལྟ་སྐུལ་གྱི་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ཏེ། གནད་འགག་གྲངས་ཉུང་ལ་དོ་དམ་བཟང་བོ་བྱེད་དགོས། གཙོ་གཞི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་གཉིས་གཅིག་གྱུར་བྱེད་པ་དང་། ཏང་རྩ་འཛུགས་ཀྱི་ལྟ་སྐུལ་དང་སྒྲིག་ཁྲིམས་ཞིབ་བཤེར་གྱི་ལྟ་སྐུལ། སྡེ་ཁག་གི་ལྟ་སྐུལ། གཞི་རིམ་ཏང་རྩ་འཛུགས་དང་མང་ཚོགས་ཀྱི་ལྟ་སྐུལ་བཅས་འབྲེལ་མཐུད་མཐུན་སྦྱོར་བྱས་ནས། མི་དོ་དམ་དང་བྱ་བར་དོ་དམ་བྱེད་པ་གཉིས་གཞི་གཅིག་ཏུ་འདྲེས་པའི་མཉམ་ཤུགས་གྲུབ་པར་བྱེད་པ་དང་། ལྟ་སྐུལ་ཕན་ནུས་རྒྱུན་མཐུད་ངང་མཐོར་འདེགས་གཏོང་དགོས། ཆ་སྡེབས་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྒྲིག་སྤྱོད་ཁྲིམས་བཀོལ་ནན་མོ་བྱས་ནས་ལམ་ལུགས་ཀྱི་ངོ་བོ་ཇེ་དྲག་ཏུ་བཏང་སྟེ། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་བཟང་བོ་བསྐྲུན་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ཁྲིམས་སྐྱོང་དགོངས་པ། བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བླང་བྱ་གལ་ཆེན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཇུས་གཞི་འཐུས་ཚང་དུ་བཏང་སྟེ་རང་ཞིང་གི་སྲ་གཟུགས་གད་སྙིགས་ཀྱིས་ཁོར་ཡུག་བཙོག་བཟོ་བྱེད་པ་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ལག་བསྟར་དང་ཞིབ་བཤེར་བྱ་བ་བཟང་བོ་སྤེལ་ནས། ས་ཁུལ་གཙོ་བོ་དང་ལས་གཞི་གཙོ་བོ་དང་ནང་དོན་ལ་ཞིབ་བཤེར་ནན་མོ་བྱེད་པ་དང་། གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས། རྨ་ཆུ་སྲུང་སྐྱོབ་ཁྲིམས་འཛུགས་གྲོས་ཚོགས་ཀྱི་དགོངས་དོན་དང་བླང་བྱ་ཁོང་དུ་ཆུད་པར་བྱེད་པ་དང་། རང་ཞིང་གི་ཁྲིམས་འཛུགས་ཁྲོད་ཀྱི་གནས་ཐིག་གཏན་ཁེལ་འཚོལ་བ། གནད་འགག་དམ་འཛིན་བྱེད་པ། འགག་སྒོ་སྔོན་དུ་བསྣུར་བ། སྔོན་དུ་ཇུས་གཏོགས་བྱས་ཏེ། རང་ཞིང་གི་རྨ་ཆུའི་འགོ་ཁུངས་ཀྱི་སྲུང་སྐྱོབ་བེད་སྤྱོད་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་འཇོག་དགོས་ཟེར།

ཚོགས་ཐོག་ནས་ད་དུང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་བའི་འབྲེལ་ཡོད་བྱ་བར་གྲོས་སྡུར་བྱས།

རིན་ཆེན་མཚོས་བསྒྱུར།