ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་སྔ་ནུབ་སྟེ་ཟླ་བཞི་པའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོ། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་རྒྱ་སྐྱེད་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་སོགས་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མི་གྲོས་ཚོགས་ལ་ཞུགས། ཀྲུང་གོའི་ངལ་རྩོལ་འབྲེལ་བའི་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ལིའུ་ཞང་པེན་གྱིས་ཁ་བྱང་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་བའི་གྲལ་རིམ་དང་བཟོ་ཚོགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་ཀྲུང་གོའི་བཟོ་བའི་ལས་འགུལ་གྱི་ལོ་རྒྱུས་སློབ་སྦྱོང་ནན་མོ་བྱེད་ཅེས་པའི་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་གྱིས་སློབ་སྦྱོང་གྲོས་ཚོགས་ལ་མགོ་འཛིན་བྱས།
ལིའུ་ཞང་པེན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་བཟོ་བའི་ལས་འགུལ་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་དུས་རབས་གསར་བའི་ཀྲུང་གོའི་བཟོ་བའི་ལས་འགུལ་གྱི་གསར་གཏོད་འཕེལ་རྒྱས་དང་གཞུང་ལུགས་ཕྱོགས་སྟོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་བའི་གྲལ་རིམ་དང་བཟོ་ཚོགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་གཞི་རྩའི་གོ་དོན། ཀྲུང་གོའི་བཟོ་བའི་ལས་འགུལ་གྱི་གཞི་རྩའི་ཉམས་མྱོང་བཅས་ཕྱོགས་གསུམ་ཐད་ནས། ཏང་གི་འགོ་ཁྲིད་འོག་གི་ཀྲུང་གོའི་བཟོ་ཚོགས་དང་བཟོ་བའི་ལས་འགུལ་གྱི་ལོ་བརྒྱའི་ལོ་རྒྱུས་ལ་ཁྱོན་ཡོངས་ནས་ཕྱིར་དྲན་བྱས་པ་དང་། རང་རྒྱལ་གྱི་བཟོ་བའི་ལས་འགུལ་གཞུང་ལུགས་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་བའི་གྲལ་རིམ་དང་བཟོ་ཚོགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་འགྲེལ་བཤད་ཟབ་མོ་བྱས། ཚང་མས་བཤད་རྒྱུར། སྙན་ཞུའི་བརྗོད་དོན་གསལ་ཞིང་ནང་དོན་ཞིབ་ལ། ལོ་རྒྱུས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་འགྲེལ་བཤད་གསལ་བོ་བྱས་ཡོད་ལ། ཁྱོན་ཡོངས་དང་ཆ་ཚང་བ་མ་ཟད་གཙོ་གནད་འབུར་དུ་ཐོན་པ་དང་། ལོ་རྒྱུས་ཀྱི་ནང་དོན་ལྡན་ཞིང་གཞུང་ལུགས་ཀྱི་མཐོ་ཚད་ཀྱང་ཡོད་ལ། ཏང་གི་མང་ཚོགས་བྱ་བའི་གཞུང་ལུགས་དང་བཟོ་བའི་ལས་འགུལ་གྱི་གཞུང་ལུགས་འགྲེལ་བཤད་བཟང་བོ་བྱས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་བའི་གྲལ་རིམ་དང་བཟོ་ཚོགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་བཟོ་ཚོགས་ཀྱི་བྱ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ། བཟོ་ཚོགས་ཀྱི་བྱ་བའི་ལག་ལེན་གཏིང་ཟབ་ཏུ་སྤེལ་བ་བཅས་ཀྱི་ཐད་གཞུང་ལུགས་རང་བཞིན་དང་ཁ་གཏད་རང་བཞིན་ཆེན་པོ་ལྡན་ཟེར།
ཚང་མས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ལ་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་བའི་གྲལ་རིམ་དང་བཟོ་ཚོགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གིས་སྲིད་འཛིན་པའི་གྲལ་རིམ་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་མཐོ་ཚད་ནས། ཏང་གི་བཟོ་ཚོགས་བྱ་བའི་ཐད་ཀྱི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། བཟོ་ཚོགས་བྱ་བའི་གོ་གནས་ནུས་པ་དང་དམིགས་འབེན་ལས་འགན། ལག་ལེན་རེ་བ་ཁོང་དུ་ཆུད་པར་བྱས་ཏེ། བཟོ་ཚོགས་ཀྱིས་འགན་འཁྲི་ལག་བསྟར་བྱེད་པ་དང་ནུས་པ་འདོན་སྤེལ་བྱེད་པའི་ཐད་ཆ་རྐྱེན་བཟང་བོ་བསྐྲུན་པ་དང་། དུས་རབས་གསར་བའི་བཟོ་བའི་ལས་འགུལ་ལས་དོན་དང་བཟོ་ཚོགས་བྱ་བའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་སྐྲུན་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། བཟོ་བའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྤུས་ཚད་མཐོ་བའི་ངལ་རྩོལ་པའི་དཔུང་སྡེ་འཛུགས་སྐྲུན་བྱས་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་པ་དང་། ཧུར་ཐག་གིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བའི་སྟེང་མཚོ་སྔོན་གྱི་བཟོ་བའི་ལས་འགུལ་གྱི་ལས་དོན་དང་བཟོ་ཚོགས་བྱ་བའི་ལེའུ་གསར་བ་འབྲི་དགོས་ཟེར།
ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མི་ཡིན་པའི་ཞིང་ཆེན་གྱི་འགོ་ཁྲིད་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས་དང་ཀྲུང་དབྱང་གི་མཚོ་སྔོན་དུ་ཡོད་པའི་ལས་ཁུངས་ཀྱི་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་བཅས་སློབ་སྦྱོང་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།