ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་བཞི་པ་བསྡུས།
2021.04.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བཞི་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་བཞི་པ་གྲོལ་རྗེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་བཞི་པ་བསྡུས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་པའི་སྣེ་ཁྲིད་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྲིད་གཞུང་ལས་ཁུངས་ཀྱི་ཏང་གཤིས་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ། སྤྱོད་གཙང་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་ལ་བརྟེན་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་བོ་རྩོམ་པར་ཁག་ཐེག་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་གིས་བསྟན་དོན། འདས་པའི་ལོ་གཅིག་ནང་། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་ཀྲུང་དབྱང་གི་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ལ། གཡུལ་འགྱེད་ཆེན་པོ་དང་རྒྱུགས་ལེན་ཆེན་པོའི་ཁྲོད་འགན་འཁྲི་ཕྲག་ཏུ་བླངས་པ་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྲིད་གཞུང་ལས་ཁུངས་ཀྱི་ཏང་གཤིས་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་། ཆབ་སྲིད་འཛུགས་སྐྲུན་ལ་རྒྱུན་མ་ཆད་པར་ཤུགས་བསྣན་ལ། དབང་ཆ་སྔར་ལས་ཚད་ལྡན་སྒོས་བཀོལ་སྤྱོད་བྱས་པ་དང་། སྲོལ་གཙང་སྒྲིག་གཅུན་ཐད་ནས་ཤུགས་ལྡན་ཞིང་གྲུབ་འབྲས་བླངས་ལ། སྤྱོད་ཚུལ་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བཟང་བོ་བྱེད་པ་དང་རིམས་ནད་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཤུགས་ཡོད་འགན་སྲུང་འདོན་སྤྲོད་བྱས་ཟེར།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་མ་དཔེ་གསར་པ་འཛུགས་སྐྲུན་བྱེད་པ་དང་། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་ན། ངེས་པར་དུ་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཕྱོགས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཏང་གཤིས་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། རྨང་གཞི་བརྟན་པོ་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པ་དང་། སྐར་གཅིག་ཙམ་ལ་ཡང་མཚམས་མི་འཇོག་པར་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཆབ་སྲིད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་ཀྱི་བྱ་བ་གལ་ཆེན་ཡིད་ལ་འཛིན་པ། སྲུང་སྐྱོབ་གཉིས་འགུལ་སྐྱོད་དང་བྱ་བའི་ཁྲོད་ལག་བསྟར་བྱེད་པ། སྤུས་ཚད་མཐོན་པོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ། འཐབ་རྩོད་ཀྱི་སྙིང་སྟོབས་ཇེ་དྲག་ཏུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་ཇེ་དྲག་ཏུ་བཏང་ནས། ཀྲུང་དབྱང་གི་སྐོར་ཞིབ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་པོ། རིགས་མི་འདྲ་བའི་ལྟ་སྐུལ་ཞིབ་བཤེར་སྣ་ཚོགས་ཀྱི་གྲོས་གཞི་དག་ཐེར་ལེགས་བཅོས་བྱེད་པའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་ཐུབ་པར་བྱེད་དགོས། ཁེ་ལས་ལ་ཕན་པ་དང་མང་ཚོགས་ལ་ཕན་པའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། བདེ་འཇགས་དང་ཕན་པ་མཐོ་བའི་སྒོ་ནས་ཐད་གཏོང་མ་དངུལ་བཀོལ་སྤྱོད་བྱེད་པ། ཁྲལ་འཕྲི་ཡོན་གཅོག་གི་སྲིད་ཇུས་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ། དམངས་ཚིས་ཁྱབ་ཁོངས་ཀྱི་མ་དངུལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། སྟོབས་ཤུགས་ཆེན་པོས་འགན་ནུས་བསྒྱུར་བ་དང་ཕན་ནུས་མཐོར་འདེགས་བཏང་སྟེ། སྲིད་ཇུས་ལག་བསྟར་བཟང་བོ་བྱེད་པར་ཁག་ཐེག་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་སྲོལ་གཙང་སྒྲིག་གཅུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་། དབང་ཆ་བཀོལ་སྤྱོད་ལྟ་སྐུལ་བཀག་སྡོམ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གྱོད་གཞི་ལ་བརྟེན་ནས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ། མུ་རི་གཏེར་ཁུལ་གྱི་ཁྲིམས་འགལ་སོལ་འདོན་གནད་དོན་ཐད་ཀྱི་བསླབ་བྱ་བསྡུ་ལེན་བྱེད་པ། ཁྱབ་ཁོངས་གཙོ་བོའི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་གཏོང་བ། མང་ཚོགས་ཀྱི་རེ་ཞུ་བྱས་པའི་གནད་དོན་གལ་ཆེན་དག་བཅོས་བྱས་ནས། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་དགོས། སྲོལ་ངན་བཞི་དག་བཅོས་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་གྱི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྤྱོད་ཚུལ་འབུར་ཐོན་གྱི་གནད་དོན་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བཅོས་སྐྱོང་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་གིས། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ལས་ཁུངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། གཙོ་གཞི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་བྱེད་པ། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ། འགན་སྲུང་དྲུག་གི་ལས་འགན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་བསུ་མ་བྱེད་དགོས་པའི་རེ་བ་བཏོན།

གྲོས་ཚོགས་བརྙན་རིས་ཁ་པར་གྱི་ལམ་ནས་བསྡུས། ཞིང་ཆེན་གྱི་འགོ་ཁྲིད་ཁོང་ཡུང་དང་དབྱང་ཧྥིན་ཁྲུན། ལིའུ་ཁྲོ། ཚེ་རིང་ཐར། ལིས་ཧུང་ཡ་བཅས་གྲོས་ཚོགས་ལ་ཞུགས། མཚོ་ལྷོ་ཁུལ་སྲིད་གཞུང་དང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན། ཞིང་ཆེན་ནུས་ཁུངས་ཅུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་བྱས།

རིན་ཆེན་མཚོས་བསྒྱུར།