ཟླ་བཞི་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ལ་སློབ་གསོ་ཁ་གཏད་རོགས་སྐྱོར་བྱས་ཏེ་ལོ་བཅུ་ལོན་པའི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོ་དང་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་ནས། ཁྱོན་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་དང་བོད་སྐྱོང་འཐབ་ཇུས་དངོས་འབེབས་མཐར་ཕྱིན་བྱས་པར་མ་ཟད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་མཚོ་སྔོན་ལ་སློབ་གསོ་ཁ་གཏད་རོགས་སྐྱོར་སྤེལ་བའི་ལས་དོན་གྱི་འོས་འགན་གཙོ་བོར་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་དང་། སློབ་གསོ་པུའུ་ཡི་ཏང་ཙུའུ་ཁོངས་མི། པུའུ་ཀྲང་གཞོན་པ་སུན་ཡའོ་གཉིས་ཚོགས་འདུར་ཞུགས་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་འགོ་འཛིན་བྱས། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་ཁ་གཏད་རོགས་སྐྱོར་བྱ་བའི་གནས་ཚུལ་སྙན་ཞུ་ཕུལ།
ཧྲན་ཏུང་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཞིན་ཧྥུའུ་དང་། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝང་ཡུས་ཡན་དང་ཡུས་ཚུང་ལི། ཁྲུན་རོས་ཧྥུན། པེ་ཅིན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་ཏུང་ཆིས། ལན་གྲུ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་མཱ་ཞའོ་ཅེ་བཅས་ཚོགས་འདུར་ཞུགས།
ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། རིགས་སོ་སོའི་ལས་བྱེད་དང་མང་ཚོགས་བཅས་ཀྱི་ཚབ་བྱས་ཏེ། སློབ་གསོ་པུའུ་དང་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར། མཐོ་རིམ་སློབ་གྲྭ། ལས་ཁུངས་བཅས་ལ་གུས་འདུད་བླ་མེད་ཞུས་པ་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་ལ་སློབ་གསོ་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ནས་ལོ་ངོ་བཅུ་ལོན་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་བཞེས་འོག་ཏུ་དཀའ་སྤྱད་འབད་འབུངས་བྱས་པའི་ལོ་བཅུ་ཡིན་པ་དང་། སློབ་གསོས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་ཁྲོད་བྱེད་ནུས་མི་དམན་པ་བཏོན་པའི་ལོ་བཅུ་ཡིན་ལ། སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ལོ་བཅུ་ཡིན་པར་མ་ཟད། མཚོ་སྔོན་གྱི་སློབ་གསོའི་ལས་དོན་ལ་གསར་གཏོད་འཕེལ་རྒྱས་བྱུང་བའི་ལོ་བཅུའང་ཡིན། ཁྱོན་ཡོངས་ནས་ཀུན་སྤྱོད་དང་ལྡན་པའི་མི་གསོ་སྐྱོང་བྱེད་པའི་འོས་འགན་དངོས་འབེབས་བྱས་ནས། རྨང་གཞི་སློབ་གསོ་སྤུས་ཚད་ལྡན་ལ་དོ་མཉམ་ངང་འཕེལ་བར་སྐུལ་འདེད་རིམ་པར་བཏང་བ། ལས་རིགས་ལག་རྩལ་སློབ་གསོའི་ཐོན་ལས་དང་སློབ་གསོ་མཉམ་འདྲེས་བྱ་བར་མུ་མཐུད་དུ་སྐུལ་འདེད་བཏང་བ། མཐོ་རིམ་སློབ་གསོའི་ནང་སྙིང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བར་བརྟེན། སློབ་གསོའི་འགན་སྲུང་ནུས་པ་མངོན་སུམ་གྱིས་ཇེ་དྲག་ཏུ་ཕྱིན་པ་དང་། མཚོ་སྔོན་ལ་སློབ་གསོ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་དང་དགེ་རྒན་གྱི་ཐུགས་ཁུར་གཅེས་སྐྱོང་མངོན་སུམ་གྱིས་ཇེ་རྒྱས་སུ་སོང་ནས། མཚོ་སྔོན་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོར་དྲིན་ལན་འཇལ་བ་དང་། སློབ་གསོ་སྡེ་ཁག་ལ་དྲིན་ལན་འཇལ་བ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར། མཐོ་རིམ་སློབ་གྲྭ་བཅས་ཀྱི་རོགས་སྐྱོར་རམ་འདེགས་ལ་དྲིན་ལན་འཇལ་ཡོད།
སུན་ཡའོ་ཡིས་མཚོ་སྔོན་ལ་སློབ་གསོས་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ནས་ལོ་བཅུ་ལོན་པའི་རིང་གི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས་ཏེ་ནན་གྱིས་བསྟན་དོན། མཚོ་སྔོན་ལ་སློབ་གསོས་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འདེགས་སྐྱོར་ནུས་ལྡན་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་གནད་འགག་འཛིན་བྱ་ཡིན་ལ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱེད་པའི་སྒུལ་ཤུགས་གལ་ཆེན་ཡིན། དུས་རབས་གསར་པའི་མཚོ་སྔོན་ལ་སློབ་གསོ་ཁ་གཏད་རོགས་སྐྱོར་སྤེལ་བའི་ལས་དོན་གྱི་འོས་འགན་གཙོ་བོར་གོ་བ་མ་ནོར་བ་བླངས་ནས། ཏང་གི་ཡང་དག་པའི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། འོས་འགན་དངོས་འབེབས་བྱེད་པ་དང་འཛུགས་སྐྲུན་དམ་པོར་འཛིན་པ། འཐབ་ས་སྔར་ལས་སྲ་བརྟན་དུ་གཏོང་བ། གནད་འཁེལ་དང་རོགས་སྐྱོར་ཕྱོགས་གཉིས་ཀྱི་ལམ་ལུགས་གསར་གཏོད་དང་གཅིག་གྱུར་མཐུན་སྦྱོར་བྱེད་པ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ། ཁྱོན་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་ཇེ་བརྟན་དུ་གཏོང་བ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཞབས་འདེགས་ལེགས་པོ་ཞུ་བ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་མགྱོགས་མྱུར་ངང་འཛུགས་སྒྲུབ་བྱེད་པ། སློབ་གསོ་ཆ་འཕྲིན་ཅན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱེད་ཡུལ་གཉིས་ཀའི་དགེ་རྒན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱེད་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།