ཞིན་ཁྲང་ཞིང་གིས་སྟོང་སྐོར་རྫོང་དུ་རྟོག་ཞིབ་བྱས།
2021.05.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་ལྔ་པའི་ཚེས་དྲུག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་རྒྱུན་མཐུད་ངང་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཡུལ་བབ་དང་རིག་གནས། སྐྱེ་ཁམས་སོགས་ཐོན་ཁུངས་སྔོག་འདོན་བཀོལ་སྤྱོད་བྱེད་པ། འཕེལ་རྒྱས་ཀྱི་སྒུལ་ནུས་སྐྱེད་སྲིང་བྱས་ཏེ། འཕེལ་རྒྱས་ཁྲོད་རྒྱུན་མཐུད་ངང་དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱེད་དགོས་ཟེར།

སྟོང་སྐོར་རྫོང་གནའ་མཁར་དང་ཉི་ཟླ་ཡུལ་ཚོ་ཏཱ་ཧྲི་ཐིག་སྡེ་བ་རུ། ཞིན་ཁྲང་ཞིང་གིས་གནའ་མཁར་སྲུང་སྐྱོབ་གསར་སྤེལ་འཆར་འགོད་འཛུགས་སྐྲུན་སྐབས་གཉིས་པ་དང་ལྔ་གཅིག་དུས་ཆེན་སྐབས་ཀྱི་གནས་སྐོར་འཛད་སྤྱོད་ཚོང་ར་དང་ཙོང་ཅ་ལུང་བའི་གནས་སྐོར་ལྗོངས་རྒྱུ་ཁུལ་གྱིས་ཉེ་འཁོར་མང་ཚོགས་ཀྱི་ངལ་རྩོལ་ལས་ཞུགས་དང་དབུལ་ཐར་ཕྱུག་བསྒྱུར་ལ་སྣེ་ཁྲིད་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བསྟན་དོན། སྟོང་སྐོར་ནི་ཤར་རྒྱུད་ཞིང་ལས་ཁུལ་དང་ནུབ་རྒྱུད་ཕྱུགས་ལས་ཁུལ། བོད་ཀྱི་རིག་གནས་དང་རྒྱའི་རིག་གནས་ཀྱི་འདྲེས་མཚམས་ཡིན་པས། ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱེད་པ་དང་། ལོ་རྒྱུས་རིག་གནས་རྫོང་མཁར་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད། གནའ་མཁར་གྱི་སྔར་ཡོད་ཀྱི་ལོ་རྒྱུས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པ་དང་། ཆ་སྡེབས་སྒྲིག་ཆས་འཛུགས་སྐྲུན་བྱས་ནས། གནའ་མཁར་གྱི་རི་ལྗང་ཆུ་དྭངས་ལ་སྲུང་སྐྱོབ་བྱེད་དགོས། གྲོང་གསེབ་དར་སྤེལ་དང་ཞིང་སྡེའི་གནས་སྐོར་འཕེལ་རྒྱས་སུ་གཏོང་བའི་བརྒྱུད་རིམ་ཁྲོད། མི་ཤུགས་བསྡུ་བ་དང་ལས་རྣམ་ཇེ་ལེགས་སུ་གཏོང་བ། ཚོང་རྟགས་མིང་གྲགས་ཅན་སྐྱེད་སྲིང་བྱེད་པ་དང་། སྲོལ་རྒྱུན་རིག་གནས་སྒྱུ་རྩལ་དར་སྤེལ་བཏང་སྟེ། ཉེ་འཁོར་མང་ཚོགས་རྣམས་ཉེ་འགྲམ་དུ་གཏན་འཇགས་དང་སྤུས་ཚད་མཐོན་པོས་ལས་ཞུགས་བྱེད་ཐུབ་པར་བྱེད་དགོས་ཟེར།

མཚོ་སྔོན་རྨ་འབྲི་རྫ་གསུམ་དབྱི་ལིས་ཞིང་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཁའེ་ཅིན་ནུས་ཁུངས་གསར་བའི་རྒྱུ་ཆས་ཚད་ཡོད་ཀུང་ཟི་རུ་རྟོག་ཞིབ་བྱེད་སྐབས། ཞིན་ཁྲང་ཞིང་གིས་བསྟན་དོན། སྟོང་སྐོར་ཕྱུགས་ར་ལ་བརྟེན་ཡོད་པ་དང་ཁྲོམ་ར་ཆེན་པོར་ཁ་ཕྱོགས་ཡོད་པས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆ་འཛུགས་སྐྲུན་བྱེད་པར་དམིགས་པ་དང་། མཁོ་འདོན་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གྱི་གཙོ་ཐིག་ལ་དམ་དུ་དམིགས་ནས། ནམ་ཡང་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། ཕྱུགས་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་རྣམ་པ་སྟོབས་ལྡན་དུ་བསྒྱུར་བ། ཁེ་ལས་དང་ཞིང་ཁྱིམ་གྱི་ཁེ་ཕན་མཉམ་འབྲེལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གཞི་ཁྱོན་རྒྱ་བསྐྱེད་པ་དང་ཚོང་ལམ་རྒྱ་བསྐྱེད་པ། རོང་འབྲོག་ཁྱིམ་གྱི་ཡོང་སྒོ་ཇེ་མང་དུ་གཏོང་བ། ཚོང་རྟགས་མིང་གྲགས་ཅན་མཐོར་འདེགས་བཏང་སྟེ། མཐོ་སྒང་གི་ཁྱད་ཆོས་ཐོན་ཁུངས་ལས་སྣོན་བྱེད་པའི་ཆུ་ཚད་མཐོར་འདེགས་གཏོང་དགོས། ལིས་གློག་ཐོན་ལས་སྦྲེལ་ཐག་འཐུས་ཚང་དུ་གཏོང་བ་དང་ཁ་གསབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། འཕེལ་རྒྱས་ཁྲོད་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་དཔལ་འབྱོར་མ་ལག་བཙུགས་ནས། དམངས་ཚིས་དང་འཕེལ་རྒྱས་གཉིས་ཕན་ཚུན་ཁ་གསབ་དང་ཕན་ཚུན་སྐུལ་འདེད་གཏོང་བ་མངོན་འགྱུར་བྱེད་དགོས་ཟེར།

ཁྲིན་རུའེ་ཧྥིན་དང་ཚེ་རིང་ཐར་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།

རིན་ཆེན་མཚོས་བསྒྱུར།