ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།
2021.05.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་ལྔ་པའི་ཚེས་བཅོ་བརྒྱད་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་སྔ་གཞུག་ཏུ་འགོ་མཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དེའི་སྐོར་གྱི་བགྲོ་གླེང་བྱས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་ལ། ལས་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་བསྒྲུབ་པ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། དུས་ཚིགས་དང་པོའི་དཔལ་འབྱོར་གཞི་གྲངས་ལ་རྩོད་སྒྲུབ་ཀྱི་ལྟ་སྟངས་འཛིན་པ། དུས་ཚིགས་གཉིས་པའི་གནད་འགག་དུས་སྐབས་དམ་འཛིན་བྱེད་པ། དཔལ་འབྱོར་བཀོད་གཏོང་ཞབས་ཞུ་ལ་ཤུགས་སྣོན་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ལས་འགན་གཙོ་བོ་སྣ་ཚོགས་ལག་བསྟར་བྱས་ནས། རིམས་ནད་འགོག་བཅོས་བྱ་བ་དམ་འཛིན་བྱེད་དགོས། རྒྱལ་ཡོངས་རྒྱལ་ཁོངས་ཞིབ་བཤེར་དང་རང་བཤེར་ཐད་ནས་རྙེད་པའི་གནད་དོན་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་དབྱེ་ཞིབ་ཟབ་མོ་བྱེད་པ་དང་། རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། རིམ་པ་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ཏེ། གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་དམ་འཛིན་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་དགུ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་བྱས་པའི་ཁ་ཕྱོགས་གནས་ཚད་གཙོར་འཛིན་པ། ཐཱན་ཉུང་གཏོང་དང་ཐཱན་སྙོམས་སྦྱོར་དམིགས་འབེན་སྣེ་ཁྲིད་དུ་བྱེད་པ། མ་ལག་འཆར་འགོད་ལ་ཤུགས་སྣོན་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་མཐའ་གཅིག་ཏུ་བཅོས་སྐྱོང་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ནས། ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་མཚོ་སྔོན་ནས་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་པ་དང་། ཧུར་ཐག་གིས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷོ་ཆུ་བྱང་འདྲེན་གྱི་རྗེས་མཐུད་བཟོ་སྐྲུན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་པ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་རྐང་འཛུགས་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་ཆུ་གྲོན་ཆུང་བྱེད་པའི་སྟེང་ཤུགས་འདོན་པ། ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་སྤེལ་བ། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་བེད་བཟོ་སྐྲུན་ལ་འཆར་འགོད་འཛུགས་སྐྲུན་བྱས་ཏེ། ཆུའི་ཐོན་ཁུངས་ལེགས་བསྡུས་གྲོན་ཆུང་ངང་བཀོལ་སྤྱོད་བྱེད་པའི་ཆུ་ཚད་མཐོར་འདེགས་གཏོང་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། འབྲུ་རིགས་ཐོན་སྐྱེད་གཏན་འཇགས་སུ་གཏོང་བར་དམ་འཛིན་བྱེད་པ། འབྲུ་རིགས་ཉོ་སྒྲུབ་དང་ཉར་གསོག ཚོང་ར་ལེགས་སྒྲིག་བཟང་བོར་བྱེད་པ། མཁོ་འདོན་དང་རིན་གོང་གཏན་འཇགས་ལ་འགན་སྲུང་བྱས་ཏེ། རྨོ་ཞིང་སྲུང་སྐྱོབ་དང་སྤུས་ཚད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ལས་ཞུགས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཁུར་བོ་ཇེ་ཡང་དུ་གཏོང་དང་ལས་རྐང་གཏན་འཇགས་སུ་གཏོང་བ། ལས་ཞུགས་རྒྱ་སྐྱེད་པའི་སྲིད་ཇུས་དང་རིམས་ནད་ཀྱིས་གནོད་ཐེབས་པའི་ལས་རིགས་དང་ཁེ་ལས་ཀྱི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཐབས་ལག་བསྟར་བཟང་བོ་བྱེད་པ་དང་། དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་བཏང་སྟེ། ལས་ཞུགས་ལ་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ལས་རིགས་སློབ་གསོ་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། དེང་རབས་ལས་རིགས་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་བ་དང་སྒྲིག་གཞི་རྐྱེན་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། སློབ་སྒྲུབ་ཁྱད་ཆོས་ཇེ་དྲག་ཏུ་གཏོང་བ། ལས་རིགས་སློབ་གསོའི་ཆ་རྐྱེན་འགན་སྲུང་ཇེ་དྲག་ཏུ་གཏོང་བ། ཉིང་འདུས་རང་བཞིན་གྱི་འཕེལ་རྒྱས་དང་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བར་མཐོང་ཆེན་བྱས་ཏེ། རང་ཞིང་གི་ལས་རིགས་སློབ་གསོའི་སྤུས་འདེགས་ནུས་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། ཟི་ལིང་སློབ་ཆེན་གྱི་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་སྐྱེད་སྲིང་ནང་འདྲེན་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་ཐུབ་པ་དང་བཀོལ་སྤྱོད་བཟང་བོ་བྱེད་པར་ཁག་ཐེག་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དང་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུ་དགོས་ཟེར།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།